མཚོ་སྔོན་གྱིས་ཞིང་ཆེན་སྲིད་གཞུང་གི་ཚན་ཧྲི་དང་ཞིང་ཆེན་རིག་གནས་ལོ་རྒྱུས་ཞིབ་འཇུག་ཁང་གི་མི་སྣ་གདན་ཞུ་བསྐོ་འཇོག་མཛད་སྒོ་བསྡུས།
2020.11.21 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 135

མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་ཚན་ཧྲི་དང་ཞིང་ཆེན་རིག་གནས་ལོ་རྒྱུས་ཞིབ་འཇུག་ཁང་གི་མི་སྣ་གདན་ཞུ་བསྐོ་འཇོག་མཛད་སྒོ་ཚེས་ཉི་ཤུ་ཉིན་ཟི་ལིང་དུ་བསྡུས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཞིན་ཁྲང་ཞིང་གིས་ཞའེ་ཡོན་སོགས་ཚན་ཧྲི་བདུན་དང་ཞིབ་འཇུག་ཁང་གི་མི་སྣ་ཀྲང་ཞུང་ཝུའེ་བཅས་ལ་གདན་ཞུའི་ལག་རྟགས་བྱིན་ནས། ཚང་མ་དང་ལྷན་དུ་བསམ་ཚུལ་བརྗེ་རེས་བྱས།  ཧྲིན་ཀྲང་གཞོན་པ་ཀྲང་ལིས་ཀྱིས་གྲོས་ཚོགས་ལ་འགོ་འཛིན་བྱས།

ཞིན་ཁྲང་ཞིང་གིས་མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ཏེ། གསར་དུ་བསྐོ་འཇོག་བྱས་པའི་ཚན་ཧྲི་དང་རིག་གནས་ལོ་རྒྱུས་ཞིབ་འཇུག་ཁང་གི་མི་སྣར་སྤྲོ་སེམས་འཁོལ་བའི་ངང་ནས་རྟེན་འབྲེལ་ཞུས་ནས། སྐབས་རིམ་བྱུང་གི་ཚན་ཧྲི་དང་རིག་གནས་ལོ་རྒྱུས་ཞིབ་འཇུག་ཁང་གི་ལས་གཉེར་བས་རང་རེའི་ཞིང་ཆེན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ལེགས་སྐྱེས་གང་ལེགས་ཕུལ་བར་བཀའ་དྲིན་ཆེ་ཞུས་ཏེ་བསྟན་དོན། ཉེ་བའི་ལོ་འདི་དག་གི་རིང་ལ། ཞིང་ཆེན་སྲིད་གཞུང་གི་ཚན་ཧྲི་དང་ཞིང་ཆེན་རིག་གནས་ལོ་རྒྱུས་ཞིབ་འཇུག་ཁང་གི་ལས་སྒྲུབ་མི་སྣས་གནས་ཚུལ་ལ་རྒྱུས་མངའ་ཆེ་བ་དང་། སྤྱི་ཚོགས་ཀྱི་གནས་ཚུལ་ཤེས་པ། དམངས་ཀྱི་འདོད་བློ་ཤེས་པ་བཅས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ། ལྟེ་བར་དམིགས་པ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ། སྲིད་ཞུགས་སྲིད་མོལ། ཐབས་འདོན་ཇུས་འབུལ། དམངས་གཙོའི་ལྟ་སྐུལ་སོགས་ཀྱི་ཐད་གྲུབ་འབྲས་གཟེངས་ཐོན་གྱི་ལས་དོན་གང་མང་བསྒྲུབས་ཟེར།

ཀྲང་ལིས་ཀྱིས་བླང་བྱ་བཏོན་དོན། སློབ་སྦྱོང་ཁྲོད་ཁ་ཕྱོགས་ལ་གོ་བ་ཡང་དག་ལེན་པ་དང་འགན་འཁྲི་འཁུར་ཤུགས་ཆེ་རུ་གཏོང་བ། ནུས་པ་ཆེ་རུ་གཏོང་བ་བཅས་བྱས་ཏེ། མཐོ་སར་ཞུགས་པ་དང་གནད་ཆེ་སར་འགན་འཁུར་བ། བདེན་དོན་གྱི་ཕྱོགས་ནས་ལངས་རྒྱུ་བཅས་བྱས་ནས། རང་འགུལ་ངང་དགོས་མཁོ་འདྲི་བ་དང་སྲིད་དོན་འདྲི་བ། ཐབས་ཇུས་དམངས་ལ་འདྲི་བ་བཅས་བྱས་ནས། དམངས་ཀྱི་རེ་བ་དེ་སྲིད་གཞུང་གི་སྲིད་སྐྱོང་ཁ་ཕྱོགས་སུ་འགྱུར་བར་བྱེད་དགོས། འབྲེལ་ཡོད་ཕྱོགས་ཀྱིས་ཚན་ཧྲི་དང་རིག་གནས་ལོ་རྒྱུས་ཞིབ་འཇུག་ཁང་གི་ལས་གཉེར་བར་རང་འགུལ་ངང་རྒྱབ་སྐྱོར་བྱས་ཏེ། སེམས་ནུས་ཡོད་རྒུ་བཏོན་ནས་ཚན་ཧྲི་དང་ལས་བྱེད་པར་ལས་ཀའི་ཆ་རྐྱེན་བཟང་པོ་བསྐྲུན་དགོས་ཟེར།

ལོ་ཙཱ་བ། བན་དེ་སྐྱབས།