ཟླ་བཅུ་གཅིག་པའི་ཚེས་ཉི་ཤུ་ཉིན། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱིས་དྲ་ཐོག་སྲིད་གླེང་རྒྱང་བསྟེན་གྲོས་མོལ་དང་ད་ལོའི་ཟླ་གཉིས་ཀྱི་གྲོས་མོལ་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་བ་བསྡུས་ནས། ཞིང་སྡེ་རིག་གནས་དར་རྒྱས་གོང་འཕེལ་དུ་བཏང་སྟེ། ཞིང་སྡེ་དར་སྤེལ་འཐབ་ཇུས་ལ་སྐུལ་འདེད་གཏོང་བར་དམིགས་ནས་གྲོས་མོལ་ཇུས་འབུལ་བྱས། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའ་ཞི་རྡོ་རྗེ་རབ་བརྟན་གྱིས་གྲོས་ཚོགས་ལ་འགོ་མཛིན་བྱས་པར་མ་ཟད་གཏམ་བཤད། ཧྲིན་ཀྲང་གཞོན་པ་ཀྲང་ལིས་དང་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཞོན་གྲོས་ཚོགས་ལ་ཞུགས།
ཝང་ཞོན་གྱིས་དུས་སྔོན་མའི་རྟོག་ཞིབ་དང་གྲོས་ཚོགས་ཀྱི་གྲ་སྒྲིག་གནས་ཚུལ་ངོ་སྤྲོད་བྱས། ཨུ་ཡོན་དྲུག་གིས་སོ་སོར་ཚོགས་ར་གཙོ་བོ་དང་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ། མིན་ཡོན་ཧོས་རིགས་རང་སྐྱོང་རྫོང་། ཁྲི་འདུ་རྫོང་བཅས་ཡན་ལག་ཚོགས་ར་ལྔ་རུ་གཏམ་བཤད། ཨུ་ཡོན་ལྔས་བརྙན་རིས་བརྒྱུད་དེ་དྲི་བ་བཏོན་པ་དང་། ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱི་འགན་ཁུར་བློ་མཐུན་གྱིས་ཕྱིར་ལན་བཏབ་པ་མ་ཟད་ཨུ་ཡོན་ཚོ་དང་བརྗེ་རེས་བྱས། མི་སྟོང་གཉིས་དང་དྲུག་བརྒྱ་ལྷག་གིས་དྲ་ལམ་ནས་ཐད་གཏོང་ལ་བལྟས།
ཨུ་ཡོན་ཚོས། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཞིང་སྡེ་རིག་གནས་འཛུགས་སྐྲུན་ལ་ཧ་ཅང་མཐོང་ཆེན་བྱས་པ་དང་། སྲིད་ཇུས་བྱེད་ཐབས་ཇེ་དྲག་ཏུ་བཏང་ནས། རང་ཞིང་གི་ཞིང་སྡེ་རིག་གནས་དར་རྒྱས་གོང་འཕེལ་དུ་གཏོང་བའི་ཐད་ནས་མངོན་གསལ་གྲུབ་འབྲས་ལེན་པར་སྐུལ་འདེད་བཏང་ཟེར། ཨུ་ཡོན་ཚོས། ཞིང་སྡེ་རིག་གནས་ཁྱབ་ཁོངས་ཐོན་ཁུངས་བཀོད་སྒྲིག་དང་འཛུགས་སྐྲུན་རྣམ་པ། བྱ་བ་གཙོ་བོར་བསམ་གཞིགས་གཏོང་བ་དང་། ཞིང་སྡེ་རིག་གནས་བཅོས་སྐྱོང་ནུས་པ་ཇེ་དྲག་ཏུ་གཏོང་དགོས། སྤྱི་ཚོགས་རིང་ལུགས་སྲོག་ཤིང་རིན་ཐང་ལྟ་བ་སྣེ་ཁྲིད་དུ་བྱས་ནས། ཞིང་བ་མང་ཚོགས་ཀྱིས་ལྟ་བ་ཡང་དག་འཛུགས་པར་སྣེ་ཁྲིད་བྱེད་དགོས། རིག་གནས་ཐོན་ལས་སྲིད་ཇུས་འཐུས་ཚང་དུ་བཏང་སྟེ། མི་རིགས་ཀྱི་ཁྱད་ཆོས་རིག་གནས་ཐོན་ལས་འཕེལ་རྒྱས་སུ་གཏོང་བ་དང་སྲོལ་རྒྱུན་བཟོ་རྩལ་དར་སྤེལ་དུ་གཏོང་བར་སྐུལ་འདེད་གཏོང་དགོས། རིག་གནས་གལ་ཆེན་དང་རང་བྱུང་ཤུལ་བཞག གཟུགས་འདས་རིག་གནས་ཤུལ་བཞག་གི་མ་ལག་རང་བཞིན་གྱི་སྲུང་སྐྱོབ་ལ་ཤུགས་སྣོན་རྒྱུའི་གྲོས་གཞི་བཏོན།
ཀྲང་ལིས་ཀྱིས་ཚོགས་ར་གཙོ་བོ་ནས་ཨུ་ཡོན་གྱི་གྲོས་གཞི་ལ་ཉན་པ་མ་ཟད་གཏམ་བཤད་དེ། ཁྱོན་ཡོངས་ནས་རང་ཞིང་གི་ཞིང་སྡེ་རིག་གནས་འཛུགས་སྐྲུན་བྱ་བའི་གྲུབ་འབྲས་དང་རྗེས་ཕྱོགས་ཀྱི་བྱ་བའི་བསམ་ཕྱོགས་ངོ་སྤྲོད་བྱས། ཁོ་མོས་བསྟན་དོན། ཞིང་ཆེན་སྲིད་གཞུང་གིས་སྲིད་ཇུས་འཆར་འགོད་ཀྱི་སྣེ་ཁྲིད་དང་བསམ་བློ་ཀུན་སྤྱོད་འཛུགས་སྐྲུན། སྤྱི་ཐུན་རིག་གནས་ཞབས་ཞུ་མཁོ་འདོན་སོགས་ཕྱོགས་ལ་སྔར་ལས་ཤུགས་བསྣན་ནས། ཞིང་སྡེ་རིག་གནས་དར་སྤེལ་གྱི་མཚོ་སྔོན་གྱི་དཔེ་གཞི་བསྐྲུན་དགོས་ཟེར།
རྡོ་རྗེ་རབ་བརྟན་གྱིས་བསྟན་དོན། ལོ་ལྔའི་འཆར་འགོད་བཅུ་བཞི་པ་སྒྲིག་བཟོ་བྱེད་པའི་གནད་འགག་དུས་རིམ་དུ། ཞིང་ཆེན་སྲིད་གྲོས་ཀྱིས་ཞིང་སྡེ་རིག་གནས་དར་རྒྱས་གོང་འཕེལ་དུ་གཏོང་བར་དམིགས་ནས་གྲོས་མོལ་སྲིད་གླེང་བྱས་པ་དང་། ཚན་རིག་དང་མཐུན་པའི་སྒོ་ནས་འཆར་འགོད་སྒྲིག་བཟོ་དང་ལག་བསྟར་བྱེད་རྒྱུ་དེ་རང་ཞིང་གི་དབུལ་ཐར་མཁྲེགས་གཏོར་དང་ཞིང་སྡེ་དར་སྤེལ་འཐབ་ཇུས་དང་སྦྲེལ་མཐུད་བྱེད་པ། རོང་འབྲོག་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་ཁྱོན་ཡོངས་ནས་མཐུན་སྦྱོར་འཕེལ་རྒྱས་སུ་གཏོང་བའི་ཐད་དོན་སྙིང་གལ་ཆེན་ལྡན། ཐེངས་འདིའི་དྲ་ཐོག་སྲིད་གླེང་གིས་གོ་རིམ་ཧྲིལ་བོའི་གྲོས་མོལ་རྒྱུན་་འཁྱོངས་བྱས་པ་དང་། རྟོག་ཞིབ་ནན་མོ་དང་བརྗེ་རེས་གང་ལེགས་བྱས་ལ། བློ་འདོན་ཇུས་འབུལ་དང་དངོས་གཉེར་བྱས་པས། གྲོས་མོལ་གྲུབ་འབྲས་མངོན་གསལ་བླངས་ཟེར། ཁོས་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཁག་གིས་ཞིབ་འཇུག་ནན་མོ་བྱེད་པ་དང་། གྲོས་མོལ་གྲུབ་འབྲས་དེ་ཕན་ཡོད་སྲིད་ཇུས་ཀྱི་བྱེད་ཐབས་སུ་བསྒྱུར་བར་སྐུལ་འདེད་གཏོང་དགོས། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་སྲིད་གྲོས་རྩ་འཛུགས་དང་རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་གྱིས་ཞིང་སྡེ་རིག་གནས་འཛུགས་སྐྲུན་གྱི་གཙོ་གནད་དང་དཀའ་གནད་ལ་དམིགས་ནས་འགན་འཁྲི་ལག་བསྟར་བྱས་ཏེ། རང་ཞིང་གི་ལོ་ལྔའི་འཆར་གཞི་བཅུ་བཞི་བའི་སྐབས་སུ་དབུལ་ཐར་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་ཞིང་སྡེ་དར་སྤེལ་ཁྱོན་ཡོངས་ནས་སྤེལ་བའི་ཐད་སྲིད་གྲོས་ཀྱི་བློ་གྲོས་དང་སྟོབས་ཤུགས་འབུལ་དགོས་པའི་རེ་བ་བཏོན།
ཚོགས་འདུའི་སྔོན་དུ། ཞིང་ཆེན་སྲིད་གྲོས་རིག་གནས་ལོ་རྒྱུས་དང་སློབ་སྦྱོང་ཨུ་ཡོན་ལྷན་ཁང་གིས་རྟོག་ཞིབ་ཚན་ཆུང་རྩ་འཛུགས་བྱས་ནས། གྲོང་ཁྱེར་དང་ཁུལ་ལྔ་ཡི་ཁོངས་གཏོགས་ཞིང་སྡེ་ཉེར་བཞི་རུ་སོང་ནས་ཡུལ་དངོས་རྟོག་ཞིབ་བྱས།
ལོ་ཙཱ་བ། རིན་ཆེན་མཚོ།