མཚོ་སྔོན་ཞིང་ཆེན་ཤེས་ལྡན་མི་སྣའི་བྱ་བའི་འགོ་ཁྲིད་ཚན་ཆུང་གི་རྒྱ་སྐྱེད་གྲོས་ཚོགས་ཐེངས་ཉེར་གཅིག་པ་ཟི་ལིང་ནས་ཚོགས།
2020.11.25 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 11

མཚོ་སྔོན་ཞིང་ཆེན་ཤེས་ལྡན་མི་སྣའི་བྱ་བའི་འགོ་ཁྲིད་ཚན་ཆུང་གི་རྒྱ་སྐྱེད་གྲོས་ཚོགས་ཐེངས་ཉེར་གཅིག་པ་ཟླ་བཅུ་གཅིག་པའི་ཚེས་ཉེར་བཞི་ཉིན་ཟི་ལིང་ནས་ཚོགས། ཚོགས་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཤེས་ལྡན་མི་སྣ་བྱ་བའི་སྐོར་གྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་ལོ་ལྔའི་འཆར་འགོད་བཅུ་བཞི་པའི་ཤེས་ལྡན་མི་སྣའི་བྱ་བའི་སྐོར་གྱི་རེ་བ་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ་དང་། ཞིང་ཆེན་ཡོངས་ཀྱི་ཤེས་ལྡན་མི་སྣའི་སྲིད་ཇུས་ལག་བསྟར་གྱི་ལྟ་ཞིབ་གནས་ཚུལ་ཁྱབ་བསྒྲགས་བྱས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྩ་འཛུགས་པུའུ་ཡི་པུའུ་ཀྲང་། ཞིང་ཆེན་ཤེས་ལྡན་མི་སྣའི་བྱ་བའི་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཝང་ཡུས་ཡན་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད། ཧྲིན་ཀྲང་གཞོན་པ། ཞིང་ཆེན་ཤེས་ལྡན་མི་སྣའི་བྱ་བའི་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་གཞོན་པ་དབྱང་ཀྲི་ཝུན་གྱིས་འགོ་མཛིན་བྱས།

ཝང་ཡུས་ཡན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཤེས་ལྡན་མི་སྣའི་བྱ་བའི་སྐོར་གྱི་རྣམ་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གྱི་དགོངས་དོན་གྱིས། སྤྱོད་ཡོན་གཉིས་ལྡན་གྱི་བྱང་ཚད་མཐོ་བའི་ཤེས་ལྡན་མི་སྣ་སྐོར་ཞིག་སྐྱེད་སྲིང་བྱེད་པའི་ཐད་གཞི་འཛིན་ས་གལ་ཆེན་འདོན་སྤྲོད་བྱས་པས། སློབ་སྦྱོང་དང་རྒྱུས་ལོན་ཟབ་མོ་བྱེད་པ་དང་། ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བྱེད་དགོས་ཟེར། མོས་ནན་གྱིས་བསྟན་དོན། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུ། ཞིང་ཆེན་སྲིད་གཞུང་གི་ཤེས་ལྡན་མི་སྣའི་སྲིད་ཇུས་ལག་བསྟར་བྱེད་པར་དམ་འཛིན་བྱས་ནས།  ཤེས་ལྡན་མི་སྣར་བརྟེན་ནས་ཞིང་ཆེན་སྟོབས་ལྡན་དུ་བསྒྱུར་བའི་འཐབ་ཇུས་ལག་བསྟར་བྱེད་པའི་བྱེད་ཐབས་ཞིབ་འཇུག་དང་གཏན་འབེབས་བྱེད་དགོས། ཏང་གི་ཤེས་ལྡན་མི་སྣའི་བྱ་བའི་ཐད་ཀྱི་གཅིག་བསྡུས་གཅིག་གྱུར་འགོ་ཁྲིད་ལ་ཤུགས་སྣོན་པ་དང་། བྱ་བའི་འགན་འཁྲི་གཏན་ཁེལ་གསལ་བོ་བྱས་ཏེ། ཤེས་ལྡན་མི་སྣའི་འཆར་འགོད་ལེགས་བསྒྱུར་མཉམ་བསྲེས་བྱ་བ་བཟང་བོར་བསྒྲུབ་པ་དང་། ཤེས་ལྡན་མི་སྣའི་སྤྱོད་ཚུལ་སློབ་སྲོལ་འཛུགས་སྐྲུན་ལ་ཤུགས་སྣོན་དགོས་ཟེར།

དབྱང་ཀྲི་ཝུན་གྱིས་ནན་གྱིས་བསྟན་དོན། ས་ཆ་སོ་སོ་དང་སྡེ་ཁག་སོ་སོས་གནད་དོན་གྱི་འདུ་ཤེས་དང་ཁག་ཁུར་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་། དག་ཐེར་ལེགས་བཅོས་ཀྱི་དུས་ཚོད་རེའུ་མིག་དང་ལས་འགན་ཡི་གེ་ཞིབ་མོར་བྲིས་ནས། དམ་འཛིན་ལྷོད་མེད་བྱེད་པ་དང་བྱས་རྗེས་མི་དམན་པ་ལེན་དགོས། ཤེས་ལྡན་མི་སྣའི་བྱ་བའི་འགོ་ཁྲིད་ཚན་ཆུང་གི་ཁོངས་གཏོགས་སྡེ་ཁག་སོ་སོས་རང་འགུལ་གྱིས་འགན་འཁྲི་ལག་བསྟར་བྱེད་པ་དང་གཞོགས་འདེགས་དམ་ཟབ་བྱས་ཏེ། མཉམ་འཛིན་མཉམ་སྡོམ་གྱི་མཉམ་ཤུགས་གྲུབ་པར་བྱེད་དགོས་ཟེར།

ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་དང་ཞིང་ཆེན་ཚན་རྩལ་ཐིན། ཞིང་ཆེན་མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་ཐིན། ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་བཅས་ཀྱི་འགན་ཁུར་བློ་མཐུན་གྱིས་གཏམ་བཤད། ཚོགས་ཐོག་ནས་ཤེས་ལྡན་མི་སྣའི་བྱ་བའི་དཔྱད་ཞིབ་དཔྱད་འཇོག་དང་། ཤེས་ལྡན་མི་སྣ་དང་མི་བཀོལ་སྡེ་ཁག་གི་དམ་བཅའ་ཤོར་བའི་སྤྱོད་ཚུལ་ཐད་ཀྱི་དོ་དམ་ལ་ཤུགས་སྣོན་པ། ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭའི་ཤེས་ལྡན་མི་སྣའི་བཅོས་བསྒྱུར་གསར་གཏོད་ཚོད་ལྟ་ལམ་ལུགས་སོགས་ཀྱི་ཡིག་ཆར་གྲོས་སྡུར་བྱས།

ལོ་ཙཱ་བ། རིན་ཆེན་མཚོ།