ཞི་ཅིན་ཕིང་གིས་ཁ་པར་གྱི་ལམ་ནས་འཇར་མན་གྱི་ཙུང་ལིར་བཀའ་མོལ་གནང་།
2020.11.25 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 53

རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཟླ་བཅུ་གཅིག་པའི་ཚེས་ཉེར་བཞི་ཉིན་གྱི་དགོང་མོར་འཇར་མན་གྱི་ཙུང་ལི་མོ་ཁི་ཨར་ལ་ཁ་པར་བཏང་ནས་བཀའ་མོལ་མཛད།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཉིན་འགའི་སྔོན་ལ། འུ་གཉིས་མཉམ་དུ་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་འགོ་ཁྲིད་པའི་མཐོ་རིམ་གླེང་སྟེགས་ལ་ཞུགས་པ་དང་། ང་ཚོ་ཚང་མས་ཕྱོགས་མང་རིང་ལུགས་རྒྱུན་འཁྱོངས་དང་རྒྱལ་སྤྱིའི་མཉམ་ལས་ལ་ཤུགས་སྣོན། ལག་གདང་སྦྲེལ་ནས་མཉམ་དུ་རིམས་ནད་ལ་འགོག་རྒོལ་བཅས་བྱ་རྒྱུའི་འདོད་ཚུལ་འཛིན་གྱིན་ཡོད། འཛམ་གླིང་གི་དཔལ་འབྱོར་སླར་གསོ་དང་འཛམ་གླིང་ཡོངས་ཀྱི་རང་བཞིན་ལྡན་པའི་འགྲན་སློང་ལ་ཐུན་མོང་ཐོག་ཁ་གཏད་འཇལ་དགོས། དེང་སྐབས། ཡོ་རོབ་གླིང་ཚུད་པའི་འཛམ་གླིང་གི་ས་ཁུལ་ཁག་གཅིག་ལ་པྲོག་གསར་གློ་ཚད་རིམས་ནད་ཀྱི་ཚ་རླབས་གཉིས་པ་མཆེད་སྒང་གི་ཚོད་བགམ་དང་འཕྲད་བཞིན་ཡོད་པར་བརྟེན། ལག་གདང་སྦྲེལ་ནས་མཉམ་དུ་རིམས་ནད་འགོག་བཅོས་བྱ་རྒྱུ་ནི་སྔར་བཞིན་ལས་འགན་ཨང་དང་པོ་ཡིན། ཀྲུང་གོ་ཕྱོགས་ཀྱིས་འཇར་མན་ཕྱོགས་ཀྱིས་རིམས་འགོག་སྨན་ཁབ་དང་བརྗེ་རེས་མཉམ་ལས་ལ་ཤུགས་སྣོན་རྒྱག་འདོད་ཡོད་ཅིང་། རིམས་འགོག་སྨན་ཁབ་དེ་འཛམ་གླིང་ཡོངས་ཀྱི་སྤྱི་པའི་ཐོན་རྫས་ལ་བརྩིས་ནས། འདྲ་མཉམ་ངང་བགོ་བཤའ་རྒྱག་རྒྱུར་སྐུལ་འདེད་གཏོང་བ་དང་ལྷག་པར་དུ་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་ཕན་པ་ཐོབ་པར་བྱེད་དགོས་ཟེར།

ཞི་ཅིན་ཕིང་གིས་བསྟན་དོན། པྲོག་གསར་གློ་ཚད་ཀྱི་རིམས་ནད་བྱུང་བ་ནས་བཟུང་། ཀྲུང་གོ་དང་འཇར་མན་ཕྱོགས་གཉིས་ཀྱིས་སྟབས་བསྟུན་བྱེད་ཐབས་ལ་བརྟེན་ནས་འབྲེལ་གཏུག་རྒྱུན་འཁྱོངས་དང་དངོས་གཉེར་མཉམ་ལས་ལ་མུ་མཐུད་སྐུལ་འདེད་གཏོང་བཞིན་ཡོད་ཅིང་། ཀྲུང་གོས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ཧུར་ཐག་བསྐྲུན་བཞིན་ཡོད་པ་དང་། ནང་མཁོ་རྒྱ་ཆེར་གཏོང་བ་དང་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་རྒྱུ་རྒྱུན་འཁྱོངས་བྱས་ཏེ་འཇར་མན་ཕྱོགས་ལ་གོ་སྐབས་གསར་པ་སྦྱིན་རྒྱུ་ཡིན། ང་ཚོས་ཀྱང་འཇར་མན་དང་ཡོ་རོབ་ཕྱོགས་ཀྱིས་ཀྲུང་གོའི་ཁེ་ལས་ལ་སྒོ་འབྱེད་རྒྱུའི་རེ་བ་བྱེད་ཀྱི་ཡོད། ཕྱོགས་གཉིས་པོས་ཕན་ཚུན་བརྩི་འཇོག་བྱ་རྒྱུ་རྒྱུན་འཁྱོངས་ཀྱིས་ཕན་ཚུན་གླེང་མོལ་དང་མཉམ་ལས་བྱེད་པའི་གཙོ་ཁྲིད་ཀྱི་རྣམ་པ་དང་། གཉིས་ཕན་གཉིས་རྒྱལ་གྱི་རྩ་བའི་དགོངས་གཞིའི་སྟེང་ནས་ཐོག་མཐའ་བར་གསུམ་དུ་སྟངས་འཛིན་ཡག་པོ་བྱེད་དགོས། རབས་གསར་པའི་ཀྲུང་གོ་དང་འཇར་མན་སྲིད་གཞུང་གིས་ཕྱོགས་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་བཀོད་སྒྲིག་བྱེད་གང་ལེགས་བྱེད་རྒྱུའི་རེ་བ་ཡོད་ཟེར།

ལོ་ཙཱ་བ། བན་དེ་སྐྱབས།