ཞི་ཅིན་ཕིང་དང་ཨེ་ཙེ་ཨོ་ཕི་ཡའི་ཙུང་ཐུང་གིས་རྒྱལ་ཁབ་གཉིས་བར་ཕྱི་འབྲེལ་བཙུགས་ནས་ལོ་ལྔ་བཅུ་འཁོར་བར་ཕན་ཚུན་རྟེན་འབྲེལ་གློག་འཕྲིན་སྤྲིངས་རེས་གནང་།
2020.11.25 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 86

ཟླ་བཅུ་གཅིག་པའི་ཚེས་ཉེར་བཞི་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨེ་ཙེ་ཨོ་ཕི་ཡའི་ཙུང་ཐུང་ས་ཧོ་ལེ—ཝོ་ཁེ·ཙུའུ་ཏེ་དང་ཕན་ཚུན་རྟེན་འབྲེལ་གློག་འཕྲིན་སྤྲིངས་རེས་གནང་ནས། རྒྱལ་ཁབ་གཉིས་ཀའི་བར་ཕྱི་འབྲེལ་བཙུགས་ནས་ལོ་ལྔ་བཅུ་འཁོར་བར་རྟེན་འབྲེལ་ཞུས།

ཞི་ཅིན་ཕིང་གིས་རྟེན་འབྲེལ་གློག་འཕྲིན་ནང་བསྟན་དོན། ཀྲུང་གོ་དང་ཨེ་ཙེ་ཨོ་ཕི་ཡའི་བར་ཕྱི་འབྲེལ་བཙུགས་པའི་ཚུན་ལ། རྒྱལ་ཁབ་གཉིས་ཀའི་བར་སྲོལ་རྒྱུན་མཛའ་གྲོགས་ཀྱི་ལོ་རྒྱུས་རྒྱུན་རིང་ལྡན། ཉེ་བའི་ལོ་འདི་དག་གི་རིང་ལ། རྒྱལ་ཁབ་གཉིས་པོས་ཕྱོགས་ཡོངས་འཐབ་ཇུས་མཉམ་ལས་རོགས་རེས་ཀྱི་འབྲེལ་བ་བཙུགས་པར་བརྟེན། ཆབ་སྲིད་ཀྱི་ཐད་ནས་ཕན་ཚུན་ཡིད་ཆེས་བྱེད་ཚད་ཉིན་རེ་བཞིན་ཇེ་དྲག་ཏུ་འགྲོ་བཞིན་ཡོད་ལ། ཁྱབ་ཁོངས་ཁག་གི་མཉམ་ལས་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་པ་དང་། ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་དོ་ཁུར་ཆེན་པོ་བྱེད་པའི་གནད་དོན་གལ་ཆེན་ཐད་ཕན་ཚུན་བསམ་ཤེས་དང་ཕན་ཚུན་རྒྱབ་སྐྱོར་བྱེད་ཀྱིན་ཡོད་པར་མ་ཟད། རྒྱལ་སྤྱི་དང་ས་ཁུལ་གྱི་ལས་དོན་ཁྲོད་དུ་ཕན་ཚུན་གཞོགས་འདེགས་དམ་ཟབ་བྱས་པ་ལས་གཞན། གློ་ཚད་ཀྱི་རིམས་ནད་གསར་བ་བྱུང་རྗེས་ཀྱང་། ཕྱོགས་གཉིས་པོས་ཕྱར་བ་གྲུ་འདེགས་དང་ཕན་ཚུན་རོགས་རམ་བྱས་ནས། མཐུན་སྒྲིལ་དང་རིམས་ནད་འགོག་བཅོས་ཀྱི་མིག་དཔེ་བཟང་བོ་བསྟན། ངས་ཀྲུང་གོ་དང་ཨེ་ཙེ་ཨོ་ཕི་ཡའི་འབྲེལ་བའི་འཕེལ་རྒྱས་ལ་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད། ཙུང་ཐུང་ས་ཧོ་ལེ—ཝོ་ཁེ་དང་མཉམ་དུ་འབད་བརྩོན་བྱས་ཏེ་རྒྱལ་ཁབ་གཉིས་བར་ཕྱི་འབྲེལ་བཙུགས་ནས་ལོ་ལྔ་བཅུ་འཁོར་བ་གོ་སྐབས་སུ་བཟུང་ནས། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཀྱི་པེ་ཅིན་མཐོ་རིམ་གླེང་སྟེགས་དང་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཐུན་སྒྲིལ་རིམས་ནད་འགོག་བཅོས་ཀྱི་དམིགས་བསལ་མཐོ་རིམ་གླེང་སྟེགས་ཀྱི་གྲུབ་འབྲས་དོན་འཁྱོལ་ཡག་པོ་བྱེད་རྒྱུ་ཡིན་ལ།  “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་རྒྱལ་ཁབ་གཉིས་པོ་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་བསྐྲུན་ཏེ། སྔར་ལས་དམ་ཟབ་ཡིན་པའི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ལས་དབང་གཅིག་མཐུན་འདུས་གྲུབ་བསྐྲུན་ཆེད་ལེགས་སྐྱེས་ཧུར་ཐག་འབུལ་རྒྱུ་ཡིན་ཟེར།

ས་ཧོ་ལེ-ཝོ་ཁི་ཡིས་རྟེན་འབྲེལ་ཞུ་བའི་གློག་འཕྲིན་ནང་བསྟན་དོན། ཕྱི་འབྲེལ་གྱི་འབྲེལ་བ་བཙུགས་ནས་ལོ་ལྔ་བཅུ་འགོར་བའི་རིང་། མཉམ་ལས་དམ་ཟབ་དང་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་པའི་རྨང་གཞིའི་སྟེང་དུ། ཨེ་ཙེ་ཨོ་ཕི་ཡ་དང་ཀྲུང་གོའི་བར་གྱི་འབྲེལ་བ་རྒྱུན་ཆད་མེད་པར་ཇེ་ཟབ་ཏུ་ཕྱིན་པ་དང་ཕྱོགས་གཉིས་པོའི་མཉམ་ལས་ལ་གཡུར་ཟའི་གྲུབ་འབྲས་ཐོབ་ཡོད། རྒྱལ་ཁབ་གཉིས་པོའི་འབྲེལ་བ་དེ་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་རེས་འབྲེལ་བར་རིམ་སྤོར་བྱས་ནས། མ་འོངས་པའི་ཁྱབ་ཁོངས་ཁག་གི་མཉམ་ལས་རྒྱུན་མཐུད་གཏིང་ཟབ་ཏུ་གཏོང་བ་དང་རྒྱལ་ཁབ་གཉིས་པོ་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་བསྐྲུན་ཆེད་རྨང་གཞི་བརྟན་པོ་བཏིངས།  ངས་ཀྲུའུ་ཞི་ཞི་ཅིན་ཕིང་དང་མཉམ་ལས་དམ་ཟབ་བྱས་ཏེ། རྒྱལ་ཁབ་གཉིས་པོའི་སྲོལ་རྒྱུན་མཛའ་གྲོགས་འབྲེལ་བར་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་རྒྱུའི་རེ་བ་རྒྱག་གིན་ཡོད།  ཕྱོགས་གཉིས་ཀྱི་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ་དང་རྒྱ་བསྐྱེད་དེ་རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་སྐྲུན་དགོས་ཟེར།

ལོ་ཙཱ་བ། བན་དེ་སྐྱབས།