ཀྲའོ་ལི་ཅི་ཡིས་འགོ་འཛིན་བྱས་ནས་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཐུན་མོང་སློབ་སྦྱོང་ཐེངས་བཅོ་བརྒྱད་པ་བསྡུས།
2020.11.25 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 40

ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཚེས་ཉེར་བཞི་ཉིན་ཐུན་མོང་སློབ་སྦྱོང་ཐེངས་བཅོ་བརྒྱད་པ་བསྡུས་ཤིང་། ཚོགས་ཐོག་ནས་ཀྲུང་དབྱང་གི་ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་བྱ་བའི་ཚོགས་འདུ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དགོངས་དོན་ཐད་ནས་མྱོང་ཚོར་བརྗེ་རེས་དང་དེར་སློབ་སྦྱོང་མཐར་ཕྱིན་བྱས་ཏེ། ལག་བསྟར་དོན་འཁྱོལ་བྱེད་ཐབས་ལ་ཞིབ་འཇུག་ཀྱང་བྱས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཀྲའོ་ལི་ཅི་ཡིས་སློབ་སྦྱོང་ཚོགས་འདུར་འགོ་འཛིན་བྱས།

གྲོས་ཚོགས་ལས་ནན་གྱིས་བསྟན་དོན། སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་ལས་ཁུངས་དེ་ཆབ་སྲིད་ལས་ཁུངས་དང་སྒྲིག་ཁྲིམས་ལག་བསྟར་དང་ཁྲིམས་འཛིན་ལས་ཁུངས་ཤིག་ཡིན་པའི་ཆ་ནས། སྔར་ལས་རང་རྟོགས་ཡོད་པའི་སྒོ་ནས་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པར་སློབ་སྦྱོང་དང་ལག་ལེན་དུ་བསྟར་ནས། འདུ་ཤེས་བཞི་སྔར་ལས་ཇེ་དྲག་ཏུ་གཏོང་བ་དང་ཡིད་རྟོན་བཞི་སྔར་ལས་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོབ་བྱེད་དགོས་པ་གཉིས་བཟང་བོར་སྒྲུབ་ཐུབ་པ་བཅས་བྱེད་དགོས། ཁྲིམས་སྐྱོང་གི་བསམ་གཞིག་དང་ཁྲིམས་སྐྱོང་གི་བྱེད་ཐབས་སྤྱད་དེ་སྤྱོད་ཚུལ་བཟང་པོ་དང་རུལ་སུངས་ལ་ངོ་རྒོལ་བྱས་ཏེ། ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་ལ་སྐུལ་འདེད་གཏོང་བའི་ཁྲོད་ནས་འགན་འཁྲི་ལྕི་མོ་འཁུར་བ་དང་བྱས་རྗེས་སྔར་ལས་ཆེ་བ་འཇོག་དགོས། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པར་སློབ་སྦྱོང་གཏིང་ཟབ་བྱ་རྒྱུ་དང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་ཁྱོན་ཡོངས་ནས་གོ་རིམ་ལྡན་པའི་ངང་སློབ་སྦྱོང་བྱ་རྒྱུ་གཉིས་ཟུང་འབྲེལ་དམ་ཟབ་བྱས་ནས།  གོ་བ་གཏིང་ཟབ་ལེན་པ་དང་ཤེས་རྟོགས་གནད་དུ་འཁེལ་བར་བྱེད་པ། དོན་འཁྱོལ་བཅས་ཀྱི་ཐད་ལ་ཤུགས་སྣོན་རྒྱག་དགོས། དོན་དངོས་དང་ཟུང་འབྲེལ་བྱེད་པ་དང་གསར་གཏོད་རང་བཞིན་ལྡན་པའི་སྒོ་ནས་དོན་འཁྱོལ་མཐར་ཕྱིན་བྱེད་པར་འབད་བརྩོན་བྱས་ཏེ། རང་རྟོགས་ཀྱིས་བསམ་བློར་དྲག་ཆས་སྤྲས་པ་དང་ལག་ལེན་ལ་མཛུབ་སྟོན། ལས་ཀར་སྐུལ་འདེད་གཏོང་བ་བཅས་བྱས་ནས། དུས་རབས་གསར་པའི་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་དོན་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་གཏོང་བར་འབད་བརྩོན་བྱེད་དགོས་ཟེར།

དབྱང་ཞའོ་ཏུའུ་ཐེངས་འདིའི་ཚོགས་འདུར་ཞུགས།

ལོ་ཙཱ་བ། བན་དེ་སྐྱབས།