ཝང་ཅན་ཅོན་ཟི་ལིང་གྲོང་ཁྱེར་གྱི་ལས་བྱེད་པའི་ཚོགས་ཆེན་ལ་ཞུགས་ཏེ་གཏམ་བཤད་སྤེལ།
2021.01.10 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 36

ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་ཅན་ཅོན་ཚེས་དགུ་ཉིན་ཟི་ལིང་གྲོང་ཁྱེར་གྱི་ལས་བྱེད་པའི་ཚོགས་ཆེན་ལ་ཞུགས་ཏེ་གཏམ་བཤད་སྤེལ། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྩ་འཛུགས་པུའུ་ཡི་པུའུ་ཀྲང་ཝང་ཡུས་ཡན་གྱིས་ཞིང་ཆེན་ཏང་ཨུས་ཟི་ལིང་གྲོང་ཁྱེར་ཏང་ཨུའི་མགོ་ཁྲིད་གཙོ་བོའི་བསྐོ་འཇོག་སྐོར་གྱི་ཆོད་དོན་ཁྱབ་སྒྲོག་བྱས་པ་དང་། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་། ཟི་ལིང་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་ཁྲིན་རོས་ཧྥུན་གྱིས་གཏམ་བཤད་སྤེལ། 

ཞིང་ཆེན་ཏང་ཨུའི་ཆོད་དོན་ལྟར་ན། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ཁྲིན་རོས་ཧྥུན་གྱིས་ཀྲུང་གུང་ཟི་ལིང་གྲོང་ཁྱེར་ཨུ་ཡོན་ལྷ་ཁང་གི་ཨུ་ཡོན་དང་། རྒྱུན་ལས་ཨུ་ཡོན། ཧྲུའུ་ཅི་དང་། ཟི་ལིང་རྒྱལ་ཁབ་རིམ་པའི་དཔལ་འབྱོར་ལག་རྩལ་གསར་སྤེལ་ས་ཁུལ་གྱི་ཏང་གི་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི། མཚོ་སྔོན་རྒྱལ་ཁབ་མཐོ་གསར་ལག་རྩལ་ཐོན་ལས་གསར་སྤེལ་ས་ཁུལ་གྱི་ཏང་གི་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་བཅས་ཀྱི་འགན་ཁུར་རྒྱུ་རེད། 

ཝང་ཅན་ཅོན་གྱིས་བསྟན་དོན། ཐེངས་འདིའི་ཟི་ལིང་གྲོང་ཁྱེར་ཏང་ཨུའི་མགོ་ཁྲིད་གཙོ་བོར་ལེགས་སྒྲིག་བྱས་པ་ནི་ཞིང་ཆེན་ཏང་ཨུ་ཡིས་ཞིང་ཆེན་ཡོངས་ཀྱི་བྱ་བའི་ཆེ་ཕྱོགས་དང་ས་གནས་དོན་དངོས་ནས་མགོག་བརྩམས་ཏེ། ཕྱོགས་ཡོངས་ལ་བསམ་བློ་གཏོང་བ་དང་སེམས་ཞིབ་མོས་ཞིབ་འཇུག་བྱས་ནས་ཐག་གཅོད་བྱས་པ་ཡིན། ཉེ་བའི་ལོ་འགའི་རིང་ལ། ཟི་ལིང་གྲོང་ཁྱེར་གྱིས་བློ་མཐུན་ཝང་ཞའོ་ཡི་སྣེ་ཁྲིད་འོག ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། བཅོས་བསྒྱུར་དང་འཕེལ་རྒྱས། གཏན་འཇགས་བཅས་བྱ་བ་སྣ་ཚོགས་ལ་གྲུབ་འབྲས་བཟང་བོ་ཐོབ་ཡོད། བློ་མཐུན་ཝང་ཞའོ་ཡིས་ཆབ་སྲིད་སྐྱོང་བ་དང་ཆེ་ཕྱོགས་བསམ་པ། དཔལ་འབྱོར་ལ་རྒྱུས་མངའ་ཆེ་བ། གྲོང་ཁྱེར་ལ་དགའ་བ། ཉམས་མྱོང་ཆེ་ཞིང་ནུས་པ་ལྡན་པ། མིག་རྒྱང་རིང་བ། བློ་རིག་རྒོད་པ། ཕྱོགས་ཡོངས་ལ་བསམ་བློ་གཏོང་བ། ལས་བཀུར་བརྩོན་སེམས་ཆེ་བ། གསར་གཏོད་ཀྱི་སྙིང་སྟོབས་ཆེ་བ། བྱ་བའི་ལས་ཆོད་ཆེ་བ། རང་ཉིད་ལ་རེ་བ་ནན་མོ་འཛིན་པའི་ཕུལ་བྱུང་གི་ལོ་ན་དར་བའི་ལས་བྱེད་པ་ཞིག་ཡིན་པ་དང་། ཟི་ལིང་གི་འཕེལ་རྒྱས་ཐད་རྔུལ་ཁྲག་མང་བོ་བཏོན་ཡོད། བློ་མཐུན་ཁྲིན་རོས་ཧྥུན་གྱི་བྱ་བའི་དམིགས་ཚད་མཐོ་བ་དང་། ལས་གནས་མང་བོར་སྦྱོང་བརྡར་བྱས་ཡོད་ལ། བྱ་བའི་ལས་འབྲེལ་ཁྱབ་ཁོངས་ཆེ་བ། ཁ་ལོ་བསྒྱུར་བའི་ནུས་པ་ཆེ་བ་དང་། མི་སྒེར་གྱི་བྱང་ཚད་མཐོ་བར་མ་ཟད། ཏང་གི་མཐོ་རིམ་ལས་བྱེད་པའི་ཕུལ་བྱུང་ཀུན་སྤྱོད་ལྡན་པ་རེད། ཟི་ལིང་གྲོང་ཁྱེར་གྱི་རིམ་པ་སོ་སོའི་ལས་བྱེད་པས་བསམ་བློ་དང་འགུལ་སྐྱོད་དེ་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་རེ་བའི་སྟེང་གཅིག་གྱུར་བྱས་ཏེ། བློ་མཐུན་ཁྲིན་རོས་ཧྥུན་གྱིས་ལས་འགན་ལག་བསྟར་གང་ལེགས་བྱེད་པ་དང་། ཟི་ལིང་གི་བྱ་བ་སྣ་ཚོགས་ལ་སྐུལ་འདེད་གཏོང་བར་རྒྱབ་སྐྱོར་བྱེད་དགོས་ཟེར།

ཝང་ཅན་ཅོན་གྱིས་ནན་གྱིས་བསྟན་དོན། བྱ་བའི་གཏན་འཇགས་རང་བཞིན་དང་རྒྱུན་མཐུད་རང་བཞིན་སྲུང་འཛིན་བྱས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་གཏིང་ཟབ་ཏུ་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཕྱོགས་ཡོངས་ནས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བ་དང་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པ། བཞི་བ། ལྔ་བ་བཅས་ཀྱི་དགོངས་དོན་དངོས་འབེབ་བྱེད་པ། འཕེལ་རྒྱས་འདུ་ཤེས་གསར་བ་རྒྱུན་འཁྱོངས་བྱས་ནས། གཏན་འཇགས་ཁྲོད་ནས་ཡར་ཐོན་བརྩོན་པའི་བྱ་བའི་གཞི་རྩ་དམ་འཛིན་དང་འཕེལ་རྒྱས་ཀྱི་གཏན་ཤུགས་སྲུང་འཛིན་བྱས་ཏེ་འཆར་འགོད་གང་ལེགས་བྱེད་དགོས། བྱ་བའི་དྲང་གཤིས་སྲུང་བ་དང་གསར་གཏོད་རང་བཞིན་ལ་དོ་སྣང་བྱེད་པ་དང་། སྐབས་རིམ་བྱུང་གི་གྲོང་ཁྱེར་ཏང་ཨུ་དང་སྲིད་གཞུང་གིས་བསྐྲུན་པའི་རྨང་གཞི་བཟང་བོའི་སྟེང་། ལོ་རྒྱུས་ཀྱི་གསར་གཏོད་ལ་བརྩི་འཇོག་དང་གྲོང་ཁྱེར་སྡོད་དམངས་ཀྱི་བློ་གྲོས་ལ་བརྩི་འཇོག ཐུན་མོང་གི་འབད་འཐབ་ལ་བརྩི་འཇོག་བཅས་བྱས་ཏེ། དུས་བསྟུན་མདུན་བསྐྱོད་ཀྱིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་གིས་ཟི་ལིང་ལ་སྤྲད་པའི་འགན་འཁྲི་ཁུར་དུ་ལེན་དགོས། བྱ་བའི་བརྩོན་སེམས་རང་བཞིན་དང་སྒུལ་ཤུགས་ནུས་པར་སྐུལ་སློང་བྱས་ཤིང་། གཙོ་བོ་དམངས་གཙོ་དང་མཐུན་སྒྲིལ་རོགས་ལས་དར་སྤེལ་བྱེད་པ་དང་། སེམས་ཤུགས་གཅིག་མཐུན་དང་སྲོལ་བཟང་སྒུལ་ཤུགས་སྲུང་འཛིན་བྱེད་པ། དཀའ་སྤྱད་ཀྱིས་ལས་སྐྲུན་བྱེད་པའི་སྙིང་སྟོབས་ཀྱིས་དུས་རབས་གསར་བའི་ཟི་ལིང་གི་དེང་རབས་ཅན་གྱི་འཛུགས་སྐྲུན་སྐས་རིམ་གསར་བ་ཞིག་ཏུ་བསླེབ་པར་སྐུལ་འདེད་བཏང་སྟེ། ཞིང་ཆེན་ཡོངས་ཀྱི་ལོ་ལྔའི་འཆར་འགོད་བཅུ་བཞི་བའི་ཆེད་དུ་ཟི་ལིང་གི་ཁག་ཁུར་མངོན་པར་བྱེད་པ་དང་ཟི་ལིང་གི་བྱས་རྗེས་འཇོག་དགོས་ཟེར། 

ཁྲིན་རོས་ཧྥུན་གྱིས་ཞིང་ཆེན་ཏང་ཨུའི་ཆོད་དོན་ལ་མཐའ་གཅིག་ཏུ་གོང་བཀུར་དང་དང་ལེན་བྱེད་ངེས་ཡིན་ལ། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བྱེད་པ་རྒྱུན་འཁྱོངས་དང་། ཏང་གི་ཕྱོགས་ཡོངས་མགོ་ཁྲིད་རྒྱུན་འཁྱོངས། མི་དམངས་ལྟེ་བར་བྱེད་པ་རྒྱུན་འཁྱོངས། བཅོས་བསྒྱུར་སྒོ་འབྱེད་གཏིང་ཟབ་ཏུ་སྤེལ་བ་རྒྱུན་འཁྱོངས་བཅས་བྱས་ཏེ། དུས་རིམ་གསར་བ་དམ་འཛིན་དང་འདུ་ཤེས་གསར་བ་ལག་བསྟར། རྣམ་པར་གསར་བར་འདྲེས་པར་བྱས་ནས། གནས་ལྔ་གཞི་གཅིག་གི་སྤྱིའི་བཀོད་སྒྲིག་ལ་གཅིག་གྱུར་བཀོད་འདོམ་དང་ཡར་སྐུལ་བྱེད་པ་དང་། ཕྱོགས་ཡོངས་བཞིའི་འཐབ་ཇུས་བཀོད་སྒྲིག་ལ་མཐུན་སྦྱོར་ཡར་སྐུལ་བྱས་ཏེ། སྐབས་རིམ་བྱུང་གི་གྲོང་ཁྱེར་ཏང་ཨུས་བཞག་པའི་རྨང་གཞི་བརྟན་པོའི་སྟེང་། མཐོ་སྒང་གི་ཆེས་མཛེས་པའི་བདེ་སྐྱིད་ཀྱི་ཟི་ལིང་འཛུགས་སྐྲུན་བྱེད་པའི་ལེའུ་གསར་བ་བསྐྲུན་དགོས། སྲུང་སྐྱོབ་གཉིས་ཀྱི་ཆབ་སྲིད་འགན་འཁྲི་དང་ནན་ནན་ཏིག་ཏིག་བཞིའི་འགན་འཁྲི་གཙོ་བོ་དང་། ཕུལ་བྱུང་གཅིག་དང་སྤུས་ལེགས་གཉིས་ཀྱི་སྣེ་ཁྲིད་འགན་འཁྲི། ཕྱོགས་ཡོངས་ནས་ཏང་སྐྱོང་ནན་མོ་བྱེད་པའི་འགན་འཁྲི་གཙོ་བོ། མཐུན་སྒྲིལ་ལ་སྲུང་སྐྱོབ་བྱེད་པའི་སྣེ་ཁྲིད་འགན་འཁྲི། གཏན་འཇགས་ཁྲོད་ནས་ཡར་ཐོན་བརྩོན་པའི་བྱ་བའི་སྤྱིའི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ། བྱ་བར་འབད་བརྩོན་དང་ཡར་ཐོན་བརྩོན་ལེན་སྒོས་གཏན་འཇགས་དྲུག་གི་བྱ་བ་དམ་འཛིན་དང་འགན་སྲུང་དྲུག་གི་ལས་འགན་དངོས་འབེབ་བྱས་ཐོག འབད་བརྩོན་ཆེན་པོས་ཟི་ལིང་གི་བྱ་བ་བཟང་བོར་བསྒྲུབས་པ་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུའི་བྱ་བའི་རེ་བ་དེ་ཟི་ལིང་ནས་རྐང་ཚུགས་པར་སྐུལ་འདེད་བཏང་སྟེ། དཔལ་འབྱོར་གཏན་འཇགས་ངང་འཕེལ་རྒྱས་སུ་འགྲོ་བ་དང་སྤྱི་ཚོགས་འཆམ་མཐུན་གཏན་འཇགས་མངོན་འགྱུར་བྱེད་པར་འགན་སྲུང་བྱས་ནས་ཧུར་ཐག་སྒོས་ཞིང་ཆེན་ཏང་ཨུ་དང་ཟི་ལིང་མི་དམངས་ལ་ཚད་ལྡན་གྱི་རྒྱུགས་གཞི་ཞིག་སྤྲོད་དགོས་ཟེར། 


ལོ་ཙཱ་བ། བསོད་ནམས་ཚེ་རིང་།