ཀྲུང་གོ་གོ་མིན་ཏང་གསར་བརྗེ་ཨུ་ཡོན་ལྷན་ཁང་མཚོ་སྔོན་ཞིང་ཆེན་སྐབས་བརྒྱད་པའི་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བ་བསྡུས། 
2021.01.11 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 53

ཟླ་དང་པོའི་ཚེས་བརྒྱད་ཉིན།        ཀྲུང་གོ་གོ་མིན་ཏང་གསར་བརྗེ་ཨུ་ཡོན་ལྷན་ཁང་མཚོ་སྔོན་ཞིང་ཆེན་སྐབས་བརྒྱད་པའི་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བ་བསྡུས།            ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ།  ཀྲུང་གོ་གོ་མིན་ཏང་གསར་བརྗེ་ཨུ་ཡོན་ལྷན་ཁང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་ལིག་ཐུང་ཏི་དང་།    རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ལས་ཨུ་ཡོན་མཱ་ཀྲི་ཝེ་གྲོས་ཚོགས་ལ་ཞུགས།

གྲོས་ཚོགས་སྟེང་བསྟན་དོན།  འདས་པའི་ལོ་གཅིག་གི་རིང་།   ཀྲུང་གོ་གོ་མིན་ཏང་གསར་བརྗེ་ཨུ་ཡོན་ལྷན་ཁང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གིས་བློ་བརྟན་འགྱུར་མེད་ངང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བྱས་པ་དང་།   རྒྱུན་མཐུད་ངང་འདུ་ཤེས་བཞི་ཇེ་དྲག་དང་རང་རྟོན་བཞི་ཇེ་བརྟན་དུ་བཏང་ལ།  སྲུང་སྐྱོབ་གཉིས་དོན་འཁྱོལ་བྱས་ཏེ།   བསམ་བློ་ཆབ་སྲིད་བྱ་བར་མུ་མཐུད་ཤུགས་སྣོན་དང་།   རྩ་འཛུགས་འཛུགས་སྐྲུན་ཆུ་ཚད་ཁྱོན་ཡོངས་ནས་མཐོར་འདེགས།   སྲིད་ཞུགས་སྲིད་གླེང་གི་དངོས་ཕན་གཏན་འཇགས་ངང་མཐོར་འདེགས་བཏང་བར་མ་ཟད།   བརྩེ་སེམས་རྣལ་མས་སྤྱི་ཚོགས་ཞབས་ཞུ་བྱ་བ་བཟང་བོར་བསྒྲུབས་པ་སོགས་བྱས་ཏེ་སྤུས་ཚད་མཐོ་བའི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་སྲིད་ཞུགས་ཏང་གི་ས་གནས་རྩ་འཛུགས་འཛུགས་སྐྲུན་ལ་ཧུར་ཐག་གིས་སྐུལ་འདེད་བཏང་།

གྲོས་ཚོགས་སྟེང་ནན་གྱིས་བསྟན་དོན།  ཉིས་སྟོང་ཉེར་གཅིག་ལོ་ནི་ཀྲུང་གོ་གུང་ཁྲན་ཏང་བཙུགས་ནས་ལོ་བརྒྱ་འཁོར་བའི་ལོ་ཡིན་པ་དང་།  རང་རྒྱལ་གྱིས་ལོ་ལྔའི་འཆར་འགོད་བཅུ་བཞི་པ་ལག་བསྟར་བྱེད་འགོ་རྩོམ་པའི་ལོ་ཡང་ཡིན་པས།   ཞིང་ཆེན་ཨུ་ཡོན་ལྷན་ཁང་གིས་ཡང་དག་པའི་ཆབ་སྲིད་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་དགོས་པ་དང་།  བསམ་བློ་ཆབ་སྲིད་ཀྱི་ཐུན་མོང་འདུ་ཤེས་ཇེ་དྲག་ཏུ་གཏོང་བ།   ལམ་ལུགས་འགན་སྲུང་དུ་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་པ།   སྤྱོད་ཚུལ་འཛུགས་སྐྲུན་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བ།   སྤྱི་ཡོངས་ལ་དམིགས་པ་རྒྱུན་འཁྱོངས་བྱེད་པ་བཅས་བྱས་ནས་ལོ་ལྔའི་འཆར་འགོད་བཅུ་བཞི་པའི་འགོ་བཟང་བོར་རྩོམ་པར་བློ་འདོན་ཇུས་འབུལ་བྱེད་དགོས་པ་དང་།   རྩ་འཛུགས་འཛུགས་སྐྲུན་བྱེད་པ་དེ་རྨང་གཞིའི་བཟོ་སྐྲུན་དུ་བྱེད་རྒྱུ་རྒྱུན་འཁྱོངས་དང་རྩ་འཛུགས་འཛུགས་སྐྲུན་གྱི་ཆུ་ཚད་རྒྱུན་མཐུད་སྒོས་མཐོར་འདེགས་གཏོང་བ།   སྤྱི་ཚོགས་ཞབས་ཞུའི་བྱ་བ་གཟབ་ནན་གྱིས་སྤེལ་བ་སོགས་བྱེད་དགོས།

གྲོས་ཚོགས་སྟེང་།  ཀྲུང་གོ་གོ་མིན་ཏང་གསར་བརྗེ་ཨུ་ཡོན་ལྷན་ཁང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་རིམ་པ་སོ་སོའི་རྩ་འཛུགས་དང་ཏང་ཡོན་ཡོངས་ཀྱིས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་ལས་མཐུན་སྒྲིལ་དམ་ཟབ་བྱེད་པ་དང་།   ཀྲུང་གོ་གོ་མིན་ཏང་གསར་བརྗེ་ཨུ་ཡོན་ལྷན་ཁང་ཀྲུང་དབྱང་དང་ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གཉིས་ཀྱི་འགོ་ཁྲིད་སྟོབས་ལྡན་འོག     ལོ་ལྔའི་འཆར་འགོད་བཅུ་བཞི་པའི་འཆར་གཞི་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ་འགོ་རྩོམ་ས་གསར་བའི་སྟེང་ཕུལ་བྱུང་གཅིག་དང་སྤུས་ལེགས་གཉིས་ལ་སྐུལ་འདེད་གཏོང་བ་དང་།   སྔར་ལས་འབྱོར་ཕྱུག་དཔལ་ཡོན་དང་འཆམ་མཐུན་མཛེས་སྡུག་གི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི་ཐད་བྱས་རྗེས་འཇོག་དགོས་པའི་འབོད་སྐུལ་བཏང་།

                                                                                                                          ལོ་ཙཱ་བ་ལྷ་མོ་ཚེ་རིང་།