ཝང་ཅན་ཅོན་དང་ཞིན་ཁྲང་ཞིང་གཉིས་ཀྱིས་འཕྲིན་ལན་བསྐུར་ནས་མཚོ་སྔོན་དུ་ཡོང་བའི་འབུམ་རམས་པའི་ཞབས་ཞུ་ཚོགས་པའི་ཁོངས་མིས་མཚོ་སྔོན་གསར་བའི་འཛུགས་སྐྲུན་ཐད་དྲང་ཕྱོགས་ཀྱི་ནུས་པ་འདོན་པ་དང་བྱས་རྗེས་གསར་བ་འཇོག་དགོས་པའི་སྐུལ་མ་བཏང་། 
2021.01.11 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 33

མཚོ་སྔོན་དུ་ཡོང་བའི་འབུམ་རམས་པའི་ཞབས་ཞུ་ཚོགས་པ་སྐོར་ཐེངས་ཉི་ཤུ་པ་དང་ཉེར་གཅིག་པས་ལས་འགན་བརྗེ་སྤྲོད་བྱེད་པའི་སྐབས་སུ། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཅན་ཅོན་དང་ཧྲིན་ཀྲང་ཞིན་ཁྲང་ཞིང་གཉིས་ཀྱིས་མཚོ་སྔོན་དུ་ཡོང་བའི་འབུམ་རམས་པའི་ཞབས་ཞུ་ཚོགས་པ་སྐོར་ཐེངས་ཉི་ཤུ་པའི་ཁོངས་མི་ཡོངས་ལ་འཕྲིན་ལན་བསྐུར་ཏེ། ཁོ་ཚོས་མཚོ་སྔོན་ནས་བཞག་པའི་བྱས་རྗེས་ལ་ཁས་ལེན་གང་ལེགས་བྱས་པ་དང་། སྐོར་ཐེངས་གསར་བའི་འབུམ་རམས་པའི་ཞབས་ཞུ་ཚོགས་པས་མཚོ་སྔོན་གསར་བའི་འཛུགས་སྐྲུན་ཐད་དྲང་ཕྱོགས་ཀྱི་ནུས་པ་འདོན་པ་དང་བྱས་རྗེས་གསར་བ་འཇོག་དགོས་པའི་སྐུལ་མ་བཏང་། 

འཕྲིན་ལན་ལས་བསྟན་དོན། ཉིས་སྟོང་ཉི་ཤུ་ལོ་ནི་མཚོ་སྔོན་གྱི་འཕེལ་རྒྱས་ལོ་རྒྱུས་ཁྲོད་ཆེས་སྤྱིར་བཏང་མིན་པའི་ལོ་ཞིག་ཡིན་པ་དང་། ལོ་གཅིག་གི་རིང་ལ། ཁྱོད་ཚོས་མཐོ་སྒང་གི་ཡུལ་ལུང་འདོམ་གྱིས་འཇལ་ཞིང་། འཁྱག་གྲང་དང་དབྱང་དབུགས་དཀོན་པའི་འགྲན་རྩོད་དང་དཀའ་ཁག་སྣ་ཚོགས་ཁྱད་དུ་བསལ་ནས། ཁ་ཞེ་གཉིས་མེད་ཀྱིས་མཚོ་སྔོན་ལ་དགའ་བ་དང་མཚོ་སྔོན་འཛུགས་སྐྲུན་བྱེད་པ། མཚོ་སྔོན་ལ་བྱས་རྗེས་འཇོག་པའི་ལག་ལེན་ཁྲོད་དུ་ཞུགས་ཏེ། ལག་ལེན་གྱི་ཉམས་སད་ཐེག་པའི་གྲུབ་འབྲས་བཟང་བོ་བླངས་པ་དང་། བརྩེ་ཞེན་ཆེན་མོ་གངས་ལྗོངས་མཐོ་སྒང་དུ་བཞག་ཡོད། 

འཕྲིན་ལན་ལས་ནན་གྱིས་བསྟན་དོན། ཁྱོད་ཚོ་ཕྱིར་སོང་རྗེས་མུ་མཐུད་དུ་ཆེད་ལས་བྱང་བ་དང་ལྟ་ཚུལ་གསར་བ། མིག་རྒྱང་རིང་བ་བཅས་ཀྱི་ཁྱད་སྟོབས་འདོན་སྤེལ་བྱས་ཤིང་། ཀྲུང་དབྱང་ལས་ཁུངས་དང་དཔལ་འབྱོར་དར་རྒྱས་ཆེ་བའི་ས་ཁུལ་གྱི་སྔོན་ཐོན་བཅོས་སྐྱོང་འདུ་ཤེས་དང་འཕེལ་རྒྱས་འདུ་ཤེས་ཀྱི་ཁྱད་སྟོབས་བཏོན་ནས། འབྱོར་ཕྱུག་དང་དཔལ་ཡོན། འཆམ་མཐུན། མཛེས་སྡུག་བཅས་ཀྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པར་དྲང་ཕྱོགས་ནུས་ཚད་འདོན་པ་དང་བྱས་རྗེས་གསར་བ་འཇོག་རྒྱུ་ནི་རེ་བ་ཡིན། 

འཕྲིན་ལན་ལས་ནན་གྱིས་བསྟན་དོན། སྐོར་ཐེངས་གསར་བའི་འབུམ་རམས་པའི་ཞབས་ཞུ་ཚོགས་པས་ཆེད་ལས་ཁྱད་སྟོབས་དང་ཟུང་འབྲེལ་བྱས་ཤིང་། ས་གནས་ལས་བྱེད་པ་དང་མང་ཚོགས་དང་མཉམ་དུ། བབ་བསྟུན་མདུན་སྐྱོད་དང་དཀའ་སྤྱད་འབད་བརྩོན་བྱས་ཏེ། ཞབས་ཞུ་མཁན་དང་གསར་གཏོད་མཁན། འབད་འཐབ་མཁན་བཅས་ཀྱི་རྣམ་པས་མ་འོངས་གདོང་གིས་བསུ་དགོས། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་སྔར་བཞིན་དུ་ཆབ་སྲིད་ཐད་ནས་ཡིད་ཆེས་དང་བྱ་བའི་ཐད་ནས་ཆ་རྐྱེན་བསྐྲུན་པ། འཚོ་བའི་ཐད་ནས་སེམས་ཁུར་བྱས་ནས། འབུམ་རམས་པ་དག་གིས་བློ་གྲོས་རིག་ནུས་འདོན་སྤེལ་བྱེད་པར་ཆ་རྐྱེན་བཟང་བོ་བསྐྲུན་དགོས་ཟེར། 

འབུམ་རམས་པའི་ཞབས་ཞུ་ཚོགས་པའི་བྱ་བ་ནི་ཀྲུང་དབྱང་རྩ་འཛུགས་པུའུ་དང་གུང་གཞོན་ཚོགས་པ་ཀྲུང་དབྱང་གིས་ནུབ་རྒྱུད་གསར་སྤེལ་ཆེན་མོའི་འཐབ་ཇུས་དང་འཇོན་མིར་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་དུ་གཏོང་བའི་འཐབ་ཇུས་ལག་ལེན་མཐར་ཕྱིན་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་རེད། གཅིག་སྟོང་དགུ་བརྒྱ་གོ་དགུ་ལོར་འབུམ་རམས་པའི་ཞབས་ཞུ་ཚོགས་པའི་བྱ་བ་སྤེལ་བའི་ཚུན་ལ། རང་ཞིང་གིས་བསྡོམས་པས་སྐོར་ཐེངས་ཉི་ཤུའི་མི་སུམ་བརྒྱ་དང་དགུ་མཚོ་སྔོན་དུ་ཡོང་ནས་སྦྱོང་བརྡར་ཞབས་ཞུ་བྱེད་པར་དང་ལེན་བྱས་པ་དང་། མཚོ་སྔོན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་ཞབས་འདེགས་ཞུ་བ་དང་། ན་གཞོན་འཇོན་མིའི་གསོ་སྐྱོང་ལ་སྐུལ་འདེད་གཏོང་བ། ཤར་ནུབ་ས་ཁུལ་གྱི་བརྗེ་རེས་སྟེགས་བུ་འཛུགས་པ་སོགས་ཀྱི་ཐད་བྱས་རྗེས་གལ་ཆེན་བཞག་ཡོད། 


ལོ་ཙཱ་བ། བསོད་ནམས་ཚེ་རིང་།