ཟླ་དང་པོའི་ཚེས་བཅུ་བཞི་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་། ཟི་ལིང་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་ཁྲིན་རོས་ཧྥུན་གྱིས་ཁེ་ལས་འཁོར་རྒྱུག་དང་རིམས་ནད་འགོག་སྡོམ། ཐོན་སྐྱེད་བདེ་འཇགས་བཅས་ཀྱི་བྱ་བར་རྟོག་ཞིབ་བྱས་ཏེ་ནན་གྱིས་བསྟན་དོན། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་དང་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་པའི་དགོངས་དོན་དངོས་འབེབས་མཐར་ཕྱིན་བྱས་ནས། འཕེལ་རྒྱས་ཀྱི་དུས་རིམ་གསར་པ་ནས་རྐང་འཛུགས་པ་དང་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་དངོས་འབེབས་བྱེད་པ། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་སིམ་འདྲེས་ཡོང་བར་བྱེད་པ། སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ཀྱི་འཐབ་ཇུས་དངོས་འབེབས་གཏིང་ཟབ་བྱེད་པ། དཔལ་འབྱོར་གྱི་རིགས་བཞིའི་རྣམ་པ་གསོ་སྐྱོང་ཤུགས་ཆེན་བྱེད་པ་བཅས་ལ་འབད་དེ། ཟི་ལིང་གྲོང་ཁྱེར་གྱི་སྤུས་ཚད་མཐོ་བའི་བཙན་ས་འབད་པས་བསྐྲུན་དགོས་ཟེར།
ཁྲིན་རོས་ཧྥུན་གྱིས་བླང་བྱ་བཏོན་དོན། ཁེ་ལས་ཀྱིས་སྔར་ལས་ལྷག་པའི་སྒོ་ནས་ཏང་འཛུགས་སྣེ་འདོམས་ཇེ་དྲག་ཏུ་གཏོང་བ་དང་། རིམས་ནད་འགོག་སྡོམ་བྱ་བ་བཟང་བོར་བསྒྲུབ་པ། གསར་གཏོད་སྐུལ་སྤེལ་རྒྱུན་འཁྱོངས་དང་ཚན་རིག་ལག་རྩལ་གྱི་འདེགས་སྐྱོར་ཇེ་དྲག་ཏུ་གཏོང་བ། ལག་རྩལ་གསར་སྒྱུར་ལ་སྐུལ་སྤེལ། བདེ་འཇགས་དང་ཁོར་ཡུག་སྲུང་སྐྱོབ་དམ་པོར་འཛིན་པ། ཐོན་སྐྱེད་དང་འཁོར་རྒྱུག་དམ་པོར་འཛིན་པ་བཅས་ལ་འབད་དེ། ཐོན་རྫས་ཀྱི་སྤུས་ཚད་ཇེ་མཐོར་གཏོང་བ་དང་ཁྲོམ་རའི་འགྲན་རྩོད་ཀྱི་ནུས་པ་ཇེ་དྲག་ཏུ་གཏོང་དགོས་ཟེར།
ལོ་ཙཱ་བ། བན་དེ་སྐྱབས།