ཞིང་ཆེན་ཡོངས་ཀྱི་གློག་རྡུལ་ཚོང་དོན་ཞིང་སྡེ་རུ་བསྐྱོད་པའི་དཔེ་སྟོན་བྱ་བའི་ཡར་སྐུལ་ཚོགས་འདུ་ཟི་ལིང་ནས་ཚོགས།
2021.01.17 ཁུངས། མཚོ་སྔོན་་གསར་འགྱུར་དྲ་བ། ཀློག་གྲངས། 7

ཟླ་དང་པོའི་ཚེས་བཅོ་ལྔ་ཉིན། ཞིང་ཆེན་ཡོངས་ཀྱི་གློག་རྡུལ་ཚོང་དོན་ཞིང་སྡེ་རུ་བསྐྱོད་པའི་དཔེ་སྟོན་བྱ་བའི་ཡར་སྐུལ་ཚོགས་འདུ་ཟི་ལིང་ནས་ཚོགས་པ་དང་། ཧྲིན་ཀྲང་གཞོན་པ་དབྱང་ཧྥིན་ཁྲུན་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད།

དབྱང་ཧྥིན་ཁྲུན་གྱིས་རང་ཞིང་གི་གློག་རྡུལ་ཚོང་དོན་བྱ་བར་ཁས་ལེན་གང་ལེགས་བྱས། ཁོས་བསྟན་དོན། ས་གནས་སོ་སོ་དང་འབྲེལ་ཡོད་ལས་ཁུངས་སོ་སོ། ཁེ་ལས་བཅས་ཀྱིས་རྒྱབ་སྐྱོར་གནང་བ་དང་དེའི་ཁྲོད་དུ་ཞུགས་པས། རང་ཞིང་གི་ཞིང་སྡེའི་གློག་རྡུལ་ཚོང་དོན་བྱ་བ་བརྟན་འཇགས་སྒོས་ལག་བསྟར་བྱས་པ་དང་། དབུལ་ཐར་མཁྲེགས་གཏོར་དང་ཞང་སྡེ་དར་སྤེལ་ཐད་ལ་རོགས་འདེགས་ཆེན་པོ་བྱས་ནས། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་ལ་ནུས་ཤུགས་ཆེན་པོ་བཏོན་པ་དང་གསོན་ཤུགས་གསར་བ་རྒྱས་སུ་བཅུག་ཟེར།

དབྱང་ཧྥིན་ཁྲུན་གྱིས་བསྟན་དོན། ཞིང་སྡེའི་གློག་རྡུལ་ཚོང་དོན་མྱུར་དུ་འཕེལ་རྒྱས་སུ་གཏོང་བ་ནི་དབུལ་ཐར་མཁྲེགས་གཏོར་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་། ཞང་སྡེ་དར་སྤེལ་མངོན་འགྱུར་བྱེད་པའི་ནང་དོན་གལ་ཆེན་ཡིན་ལ། འཕེལ་རྒྱས་ཀྱི་རྣམ་པ་གསར་བ་གསར་སྐྲུན་བྱེད་པར་རོགས་འདེགས་བྱེད་པར་ཕན་པ་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གློག་རྡུལ་ཚོང་དོན་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བའི་སྐོར་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱས་ཏེ། ཞིང་སྡེའི་གློག་རྡུལ་ཚོང་དོན་བྱ་བ་བཟང་བོར་བསྒྲུབ་པའི་འགན་འཁྲིའི་བསམ་པ་དང་ལས་འགན་གྱི་བསམ་པ། དགོས་གལ་བསམ་པ་ཇེ་དྲག་ཏུ་གཏོང་བ་དང་། གོ་སྐབས་དམ་འཛིན་དང་བབ་བསྟུན་མདུན་སྐྱོད་བྱས་ཏེ། ཞིང་སྡེའི་གློག་རྡུལ་ཚོང་དོན་བྱ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་དགོས་ཟེར།

ལོ་ཙཱ་བ། བཀྲ་ཤིས་འབུམ།