ཞིང་ཆེན་ཡོངས་ཀྱི་འཕྲལ་བསྟུན་དོ་དམ་བྱ་བའི་གྲོས་ཚོགས་ཟི་ལིང་ནས་ཚོགས།
2021.01.17 ཁུངས། མཚོ་སྔོན་་གསར་འགྱུར་དྲ་བ། ཀློག་གྲངས། 62

ཟླ་དང་པོའི་ཚེས་བཅོ་ལྔ་ཉིན། ཞིང་ཆེན་ཡོངས་ཀྱི་འཕྲལ་བསྟུན་དོ་དམ་བྱ་བའི་གྲོས་ཚོགས་ཟི་ལིང་ནས་ཚོགས་པ་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཞིན་ཁྲང་ཞིང་གིས་ཞིང་ཆེན་ཡོངས་ཀྱི་འཕྲལ་བསྟུན་བྱ་བའི་ཐད་ལ་རེ་བ་བཏོན། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྒྱུན་ལས་ཧྲིན་ཀྲང་གཞོན་པ་ལིས་ཅེ་ཞང་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད།

ཚོགས་ཐོག་ནས་ཞིན་ཁྲང་ཞིང་གིས་བསྟན་དོན། ཉིས་སྟོང་ཉི་ཤུ་ལོར། ཞིང་ཆེན་ཡོངས་ཀྱི་འཕྲལ་བསྟུན་དོ་དམ་ཁོངས་གཏོགས་ཀྱིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བྱ་བའི་བཀོད་སྒྲིག་ལག་བསྟར་ནན་མོ་བྱས་ཏེ། བཅོས་སྒྱུར་གསར་སྐྲུན་དང་འགན་འཁྲི་ཁག་ཁུར་བྱས་ཤིང་། བདེ་འཇགས་ཀྱི་དམར་མཚམས་བརྟན་སྲུང་བྱས་པ་དང་བདེ་འཇགས་འཕེལ་རྒྱས་ལ་སྐུལ་འདེད་བཏང་བར་མ་ཟད། གནོད་འཚེ་དང་དོན་རྐྱེན་སྣ་ཚོགས་དུས་ཐོག་ཏུ་ནུས་ལྡན་སྒོས་ཐག་བཅད་ནས། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་མི་དམངས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་འགན་སྲུང་བྱེད་པའི་ཐད་བྱས་རྗེས་ཆེན་པོ་བཞག ལོ་གསར་བའི་ནང་། ཞིང་ཆེན་ཡོངས་ཀྱི་འཕྲལ་བསྟུན་དོ་དམ་ཁོངས་གཏོགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བདེ་འཇགས་ཐོན་སྐྱེད་དང་འཕྲལ་བསྟུན་དོ་དམ་སྐོར་གྱི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་བྱས་ཏེ། མི་དམངས་གཙོར་འཛིན་པ་དང་ཚེ་སྲོག་ལ་གཅེས་སྤྲས་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། ཚད་མཐའི་བསམ་ཕྱོགས་རྒྱུན་འཁྱོངས་བྱེད་དགོས་ལ། བློ་ཐག་རྦད་ཆོད་སྒོས་དོན་རྐྱེན་དང་གནོད་འཚེ། ཉེན་ཁ་སྣ་ཚོགས་ལ་དོགས་ཟོན་བྱེད་པ་དང་ཞི་འཇགས་སུ་གཏོང་བའི་ཆབ་སྲིད་ཀྱི་འགན་འཁྲི་གལ་ཆེན་དང་ལེན་བྱེད་པ་དང་། དུས་དང་རྣམ་པ་ཀུན་ཏུ་ཉེན་ཁའི་འདུ་ཤེས་དང་གནོད་འཚེའི་འདུ་ཤེས། འགན་འཁྲིའི་འདུ་ཤེས་དྲག་པོ་སྲུང་འཛིན་བྱེད་དགོས་པར་མ་ཟད། ཉེན་ཁ་སྣ་ཚོགས་ཞི་འཇགས་སུ་གཏོང་བ་དང་དེ་ལ་དོགས་ཟོན་ནན་མོ་བྱེད་པ་དང་། རང་ཞིང་གི་འཕྲལ་བསྟུན་དོ་དམ་མ་ལག་དང་བཅོས་སྐྱོང་ནུས་པའི་དེང་རབས་ཅན་ལ་སྐུལ་འདེད་བཏང་ནས། རང་ཞིང་གི་ལོ་ལྔའི་འཆར་འགོད་བཅུ་བཞི་པ་བདེ་བླག་ངང་མགོ་ཚུགས་པར་བདེ་འཇགས་ཀྱི་ཁོར་ཡུག་བཟང་བོ་ཞིག་སྐྲུན་དགོས་ཟེར།

ལིས་ཅེ་ཞང་གིས་གཏམ་བཤད་སྐབས། འདས་པའི་ལོ་གཅིག་གི་ནང་ཞིང་ཆེན་ཡོངས་ཀྱི་འཕྲལ་བསྟུན་དོ་དམ་བྱ་བའི་ཐད་ནས་བླངས་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས། ཁོས་བསྟན་དོན། ཆབ་སྲིད་རང་རྟོགས་དང་འགུལ་སྐྱོད་རང་རྟོགས་སྔར་ལས་ཇེ་དྲག་ཏུ་གཏོང་བ་དང་། འབྱུང་སྲིད་པའི་ཉེན་ཁ་དང་གནོད་འཚེ་ཚབས་ཆེན་ལ་སྔ་སྣུར་སྒོས་བརྡར་ཤ་གཅོད་དགོས་ལ། ཤུགས་ཆེན་པོས་འཕྲལ་བསྟུན་རྒུད་སྐྱོབ་ནུས་པའི་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་། སྟོབས་ཤུགས་ཡོད་རྒུ་བཏོན་ནས་སྤྱི་ཚོགས་འཆམ་མཐུན་དང་བརྟན་འཇགས་ཡོང་བ་དང་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་སྲུང་འཛིན་བྱེད་དགོས་ཟེར།

ལོ་ཙཱ་བ། བཀྲ་ཤིས་འབུམ།