ཞིང་ཆེན་གཞིས་ཁུལ་ལེགས་བཅོས་བྱ་བའི་ཨུ་ཡོན་ལྷན་ཁང་གིས་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་བསྡུས།
2021.01.20 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 26

ཟླ་དང་པོའི་ཚེས་བཅོ་བརྒྱད་ཉིན།    ཞིང་ཆེན་གཞིས་ཁུལ་ལེགས་བཅོས་བྱ་བའི་ཨུ་ཡོན་ལྷན་ཁང་གིས་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་བསྡུས་ཏེ་ཞིང་ཆེན་ཡོངས་ཀྱི་གཞིས་ཁུལ་ལེགས་བཅོས་བྱ་བར་སྤྱི་བསྡོམས་དང་བཀོད་སྒྲིག་བྱས་པ་དང་།    ཞིང་ཆེན་གཞིས་ཁུལ་ལེགས་བཅོས་བྱ་བའི་ཨུ་ཡོན་ལྷན་ཁང་དང་གཞུང་སྒྲུབ་ཁང་གི་བྱ་བའི་རྩ་དོན་དང་ཞིབ་ཕྲའི་རྩ་དོན།  ཁོངས་གཏོགས་སྡེ་ཁག་གི་འགན་འཁྲི་བཅས་ལ་གྲོས་ཞིབ་བྱས།  ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན།  ཞིང་ཆེན་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི།  ཞིང་ཆེན་གཞིས་ཁུལ་ལེགས་བཅོས་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་དབྱིན་པའེ་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད།  ཞིང་ཆེན་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་པོ་མིན་ཡུང་ཧྲན་གྲོས་ཚོགས་ལ་ཞུགས།

དབྱིན་པའེ་ཡིས་བསྟན་དོན།   ཞིང་ཆེན་ཡོངས་ཀྱི་གཞིས་ཁུལ་ལེགས་བཅོས་བྱ་བས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱེད་དགོས་པ་དང་།  ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་ལག་བསྟར་ནན་མོ་བྱེད་པ།   གཞིས་ཁུལ་ལེགས་བཅོས་བྱ་བའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གང་ལེགས་བྱེད་པ།   གཞིས་ཁུལ་ལེགས་བཅོས་བཅའ་ཁྲིམས་གཅིག་བསྡུས་དང་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ།  བདེ་འཇགས་མཚོ་སྔོན་དང་ཁྲིམས་སྐྱོང་མཚོ་སྔོན་འཛུགས་སྐྲུན་ཁྲོད་ཀྱི་བྱེད་ནུས་གལ་ཆེན་འདོན་སྤེལ་བྱེད་པ།   ལྟ་སྐུལ་དོ་དམ་དང་སློབ་གསོ་རོགས་སྐྱོར་བྱ་བའི་འགན་འཁྲི་ཁྲིམས་ལྟར་ལག་བསྟར་བྱེད་པ།  གཞིས་ཁུལ་ལེགས་བཅོས་བྱ་བའི་ལམ་ལུགས་ཅན་དང་ཚད་ལྡན་ཅན། ཆ་འཕྲིན་ཅན།  སྤྱི་ཚོགས་ཅན།  ཆེད་ལས་ཅན་བཅས་ཀྱི་འཛུགས་སྐྲུན་ལ་སྔར་ལས་ཤུགས་སྣོན་པ།    གཞིས་ཁུལ་ལེགས་བཅོས་བྱ་བའི་ཁྲིམས་སྐྱོང་ཅན་གྱི་ཆུ་ཚད་ཁྱོན་ཡོངས་ནས་མཐོར་འདེགས་བཏང་སྟེ་དུས་རབས་གསར་པའི་གཞིས་ཁུལ་ལེགས་བཅོས་བྱ་བའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ཟེར།

དབྱིན་པའེ་ཡིས་ཞིང་ཆེན་གཞིས་ཁུལ་ལེགས་བཅོས་བྱ་བའི་ཨུ་ཡོན་ལྷན་ཁང་གིས་སྣེ་ཁྲིད་དེ་སྤྱི་ཡོངས་དམ་འཛིན་བྱེད་པའི་བྱེད་ནུས་འདོན་སྤེལ་གང་ལེགས་བྱེད་པ་དང་།   ཇུས་འགོད་རྩེ་གྲས་བྱེད་པར་ཤུགས་སྣོན་པ།  གཅིག་གྱུར་མཐུན་སྦྱོར་ལ་ཤུགས་སྣོན་པ།  ལྟ་སྐུལ་མཛུབ་སྟོན་ཤུགས་ཚད་ཇེ་ཆེར་གཏོང་བ་བཅས་བྱེད་དགོས།  ཞིང་ཆེན་གཞིས་ཁུལ་ལེགས་བཅོས་གཞུང་སྒྲུབ་ཁང་གིས་རང་འགུལ་ངང་མཐུན་སྦྱོར་འབྲེལ་མཐུད་བྱས་ཏེ་བྱ་བ་སྤེལ་བར་ཆ་རྐྱེན་བཟང་བོ་བསྐྲུན་དགོས།  ས་ཁུལ་སོ་སོས་རང་འགུལ་ངང་རིམ་པ་འདྲ་བའི་ཏང་ཨུ་དང་སྲིད་གཞུང་ལ་སྙན་ཞུ་འབུལ་བ་དང་།  ཁྲིམས་ལྟར་གཞིས་ཁུལ་ལེགས་བཅོས་ཨུ་ཡོན་ལྷན་ཁང་འཛུགས་པ་མ་ཟད་ཁྱོན་ཡོངས་ལ་ཁེབས་པ་མངོན་འགྱུར་བྱེད་པར་རེ་ཞུ་བྱེད་དགོས་པ་དང་། ཕན་ཚུན་རོགས་རེས་དང་རང་འགན་རང་སྒྲུབ་བྱེད་པའི་བྱ་བའི་མཉམ་ཤུགས་གྲུབ་པར་བྱེད་པ།   གཞིས་ཁུལ་ལེགས་བཅོས་བྱ་བའི་རྣམ་པ་གསར་བ་གསར་སྐྲུན་བྱེད་པ་བཅས་བྱས་ཏེ་ཆུ་ཚད་མཐོ་བའི་བདེ་འཇགས་མཚོ་སྔོན་དང་ཁྲིམས་སྐྱོང་མཚོ་སྔོན་འཛུགས་སྐྲུན་བྱེད་པའི་ཐད་བྱས་རྗེས་སྔར་ལས་ཆེན་པོ་འཇོག་དགོས་པའི་བླང་བྱ་བཏོན།

                                                                                                         ལོ་ཙཱ་བ་ལྷ་མོ་ཚེ་རིང་།