ཝང་ལིས་མིང་གིས་ཉིས་སྟོང་ཉེར་གཅིག་ལོའི་ལུགས་རྙིང་ལོ་གསར་སྐབས་ཀྱི་སྐྱེལ་འདྲེན་གྲ་སྒྲིག་བྱ་བར་ལྟ་སྐུལ་ཞིབ་བཤེར་བྱས།
2021.01.20 ཁུངས། མཚོ་སྔོན་་གསར་འགྱུར་དྲ་བ། ཀློག་གྲངས། 26

ཟླ་དང་པོའི་ཚེས་བཅོ་བརྒྱད་ཉིན་གྱི་ཕྱི་དྲོར། ཧྲིན་ཀྲང་གཞོན་པ་ཝང་ལིས་མིང་གིས་ཞིང་ཆེན་གྱི་ལུགས་རྙིང་ལོ་གསར་སྐབས་ཀྱི་སྐྱེལ་འདྲེན་བྱ་བའི་འགོ་ཁྲིད་ཚན་ཆུང་གི་འབྲེལ་ཡོད་ཁོངས་གཏོགས་སྡེ་ཁག་གི་འགན་ཁུར་མི་སྣའི་སྣེ་ཁྲིད་དེ་ཟི་ལིང་ཚའོ་ཅཱ་པུའུ་རྒྱལ་སྤྱིའི་གནམ་གྲུ་ཐང་དང་ཟི་ལིང་མེ་འཁོར་ས་ཚིགས།   ཟི་ལིང་རླངས་འཁོར་འགྲུལ་སྐྱེལ་ལྟེ་གནས་བཅས་སུ་སོང་ནས་ལུགས་རྙིང་ལོ་གསར་སྐབས་ཀྱི་འགྲུལ་སྐྱེལ་གྲ་སྒྲིག་བྱ་བར་ལྟ་སྐུལ་ཞིབ་བཤེར་བྱས།

ཝང་ལིས་མིང་འཁོར་དང་བཅས་པ་སྔ་གཞུག་ཏུ་བདེ་འཇགས་ཞིབ་བཤེར་རྒྱུ་ལམ་དང་རླངས་འཁོར་སྒུག་ས་སོགས་སུ་སོང་ནས་ལུས་དྲོད་འཇལ་བ་དང་ཐོ་འགོད་ཞིབ་བཤེར་སོགས་རིམས་འགོག་བྱེད་ཐབས་དོན་འཁྱོལ་གནས་ཚུལ་ལ་ལྟ་ཞིབ་བྱས་པ་དང་།   རིམས་ནད་འགོག་སྲུང་དང་བདེ་འཇགས་ཞིབ་བཤེར།  འཁོར་སྐྱོད་དོ་དམ་སོགས་བྱ་བའི་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས།   ཁོ་ཚོས་ད་རུང་སྡེ་ཁག་སོ་སོས་ད་ལོའི་ལུགས་རྙིང་ལོ་གསར་སྐབས་ཀྱི་སྐྱེལ་འདྲེན་བྱ་བའི་གལ་ཆེན་རང་བཞིན་དང་དམིགས་བསལ་རང་བཞིན།   གཏན་ཁེལ་མིན་པའི་རང་བཞིན་བཅས་ལ་ངོས་འཛིན་ཡང་དག་བྱེད་པ་དང་།   བྱ་བའི་བྲེལ་མྱུར་འདུ་ཤེས་དང་འགན་འཁྲིའི་འདུ་ཤེས་སྔར་ལས་ཇེ་དྲག་ཏུ་གཏོང་བ།   རིམས་ནད་འགོག་སྲུང་དང་སྐྱེལ་འདྲེན་ཞབས་ཞུ་འགན་སྲུང་བྱ་བ་གཅིག་གྱུར་སྒོས་བཟང་བོར་སྤེལ་བ་བཅས་བྱས་ཏེ་ལུགས་རྙིང་ལོ་གསར་སྐབས་ཀྱི་སྐྱེལ་འདྲེན་བྱ་བ་བདེ་འཇགས་དང་གཏན་འཇགས།  གོ་རིམ་ལྡན་པའི་སྒོ་ནས་སྤེལ་བར་ཤུགས་ཡོད་འགན་སྲུང་བྱེད་དགོས་པའི་བླང་བྱ་བཏོན།

ཝང་ལིས་མིང་གིས་ནན་གྱིས་བསྟན་དོན།  ཉེ་ལམ་རྒྱལ་ཡོངས་ཀྱི་ས་ཁུལ་མང་ཆེ་བར་སྔ་ཕྱི་བྱས་ཏེ་གཅིག་བསྡུས་རང་བཞིན་གྱི་རིམས་ནད་འབྱུང་བཞིན་ཡོད་པ་དང་། ལུགས་རྙིང་ལོ་གསར་སྐབས་ཀྱི་སྐྱེལ་འདྲེན་བྱ་བར་གནོན་ཤུགས་ཆེ་བས།   འབྲེལ་ཡོད་སྡེ་ཁག་སོ་སོས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ནན་མོ་བྱས་ཏེ།    རྒྱལ་ཡོངས་ལུགས་རྙིང་ལོ་གསར་སྐབས་ཀྱི་སྐྱེལ་འདྲེན་བྱ་བའི་བརྙན་འཕྲིན་ཁ་པར་གྲོས་ཚོགས་དང་ཞིང་ཆེན་ཡོངས་ཀྱི་ལུགས་རྙིང་ལོ་གསར་སྐབས་ཀྱི་སྐྱེལ་འདྲེན་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་མོ་བྱེད་པར་འགན་སྲུང་བྱེད་དགོས།    རིམས་འགོག་བྱེད་པ་དེ་ད་ལོའི་ལོ་གསར་སྐྱེལ་འདྲེན་བྱ་བའི་འགན་འཁྲི་དང་པོར་བརྩིས་ནས་བློ་བརྟན་འགྱུར་མེད་ཀྱིས་འགོག་སྲུང་བྱེད་ཐུབ་པ་ཡོད་ཚད་འགོག་སྲུང་བྱེད་པ་དང་སྣེ་ལེན་བྱེད་ཐུབ་པ་ཅི་རིགས་ལ་སྣེ་ལེན་བྱེད་པ།    ཇེ་ཉུང་དུ་གཏོང་ཐུབ་པ་ཅི་རིགས་ཇེ་ཉུང་དུ་གཏོང་བ་སོགས་བྱེད་དགོས།    དོན་དངོས་དང་མཐུན་པའི་སྒོ་ནས་ལུགས་རྙིང་ལོ་གསར་སྐབས་ཀྱི་སྐྱེལ་འདྲེན་བྱ་བར་འགན་སྲུང་བྱེད་དགོས་ཏེ། བདེ་འཇགས་ལ་འགན་སྲུང་དང་བདེ་བགྲོད་ཡོང་བར་འགན་སྲུང་།  ཞབས་ཞུར་འགན་སྲུང་།   འདོན་སྤྲོད་ལ་འགན་སྲུང་བཅས་བྱེད་དགོས།  ཉེན་ཁར་འགྲན་རྩོད་བྱེད་པའི་གྲ་སྒྲིག་བྱ་བ་བཟང་བོར་བསྒྲུབ་དགོས་ཏེ་རིམས་འགོག་མཁོ་བསྟུན་སྔོན་དཔག་ཇུས་གཞི་དང་གནམ་གཤིས་ངན་པའི་མཁོ་བསྟུན་སྔོན་དཔག་ཇུས་གཞི།  མཁོ་བསྟུན་དངོས་རྫས་སྐྱེལ་འདྲེན་བྱ་བའི་སྔོན་དཔག་ཇུས་གཞི། དེ་མིན་ཐོལ་བྱུང་དོན་རྐྱེན་ཐད་ཀྱི་སྔོན་དཔག་ཇུས་གཞི་བཅས་གྲ་སྒྲིག་བཟང་བོ་བྱེད་པ་དང་།  སྟོབས་ཤུགས་ཡོད་རྒུས་ལུགས་རྙིང་ལོ་གསར་སྐབས་ཀྱི་སྐྱེལ་འདྲེན་བྱ་བ་བཟང་བོར་བསྒྲུབ་ནས་མི་དམངས་མང་ཚོགས་རྣམས་བདེ་འཇགས་དང་གོ་རིམ་ལྡན་པའི་སྒོ་ནས་ཕྱིར་བགྲོད་བྱེད་པ་དང་།   སྤྲོ་སྐྱིད་ཀྱི་ལོ་གསར་ཞིག་རོལ་ཐུབ་པར་འགན་སྲུང་བྱེད་དགོས་ཟེར།

                                                                                                       ལོ་ཙཱ་བ་ལྷ་མོ་ཚེ་རིང་།