ཞིན་ཁྲང་ཞིང་གིས་འགོ་འཛིན་བྱས་ཏེ་མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཞིང་སྡེ་འབྲོག་ཁུལ་བྱ་བའི་གྲོས་ཚོགས་བསྡུས།
2021.01.26 ཁུངས། མཚོ་སྔོན་་གསར་འགྱུར་དྲ་བ། ཀློག་གྲངས། 22

ཟླ་དང་པོའི་ཚེས་ཉེར་ལྔ་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུས་ཞིང་སྡེ་དང་འབྲོག་ཁུལ་བྱ་བའི་གྲོས་ཚོགས་བསྡུས་པ་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་ཅན་ཅུན་ཚོགས་འདུར་ཞུགས་ཏེ་ནན་གྱིས་བསྟན་དོན། ཀྲུང་དབྱང་ཞིང་སྡེ་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་དང་ཁྱད་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཞིང་གསུམ་བྱ་བའི་བླང་བྱ་གལ་ཆེན་ཆ་ཚང་བ་དང་ཡང་དག་པའི་སྒོ་ནས་དངོས་འབེབས་བྱེད་རྒྱུ་དང་། ཁྱོན་ཡོངས་ནས་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བ། ཞིང་ལས་དང་ཞིང་སྡེ་དེང་རབས་ཅན་གྱི་གོམ་སྟབས་སྔར་ལས་ཇེ་མགྱོགས་སུ་གཏོང་བ། ཞིང་གསུམ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ལ་འབད་དེ། འགོ་འཛུགས་ས་གསར་པའི་སྟེང་ནས་ཞིང་ཆེན་ཡོངས་ཀྱི་ཞིང་སྡེ་དང་འབྲོག་ཁུལ་ལས་དོན་གྱི་རྣམ་པ་གསར་པ་གཏོད་དགོས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཞིན་ཁྲང་ཞིང་གིས་གྲོས་ཚོགས་ལ་འགོ་འཛིན་བྱས།

ཝང་ཅན་ཅུན་གྱིས་བསྟན་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཞིང་གསུམ་བྱ་བ་བཟང་བོར་སྒྲུབ་དགོས་པའི་ཐད་འདུ་ཤེས་གསར་པ་དང་བསམ་བློ་གསར་པ། འཐབ་ཇུས་གསར་པ་བཅས་རིམ་པར་བཏོན་ནས། དུས་རབས་གསར་པའི་ཞིང་གསུམ་ལས་དོན་ལ་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་སྐྱ་རིས་ཕབ། མི་འགྱངས་པའི་སྔོན་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཀྲུང་དབྱང་ཞིང་སྡེ་བྱ་བའི་གྲོས་ཚོགས་སྟེང་གི་གསུང་བཤད་གལ་ཆེན་གྱིས་ཞིང་གསུམ་བྱ་བ་བཟང་བོར་སྒྲུབ་དགོས་པའི་ཆབ་སྲིད་ཀྱི་དོན་སྙིང་དང་ལོ་རྒྱུས་དོན་སྙིང་། དངོས་ཡོད་དོན་སྙིང་། འཐབ་ཇུས་དོན་སྙིང་། བདེ་འཇགས་འཕེལ་རྒྱས་དོན་སྙིང་བཅས་སྒྲོག་འགྲེལ་གཏིང་ཟབ་བྱས་ཏེ། འཕེལ་རྒྱས་གསར་པའི་དུས་རིམ་གྱི་ཞིང་གསུམ་ལས་དོན་བཟང་བོར་སྒྲུབ་ཆེད་ཁ་ཕྱོགས་གསལ་སྟོན་དང་གཞི་རྩ་འདོན་སྤྲོད་བྱས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དགོངས་དོན་ལེ་ལག་ཚང་བ་དང་ཡང་དག་པའི་སྒོ་ནས་དངོས་འབེབས་བྱས་ནས། འཆར་འགོད་གསར་པ་འཐེན་པ་དང་འགོ་གསར་པ་རྩོམ་པ། བགྲོད་ལམ་གསར་པ་བཏོད་བཅས་བྱས་མཐར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་ཞིང་གསུམ་བྱ་བའི་བླང་བྱ་གལ་ཆེན་མཚོ་སྔོན་ནས་རྩ་བ་ཚུགས་ཏེ་འབྲས་བུ་སྨིན་པར་འགན་ལེན་བྱེད་དགོས།

ཝང་ཅན་ཅུན་གྱིས་ལོ་ལྔའི་འཆར་འགོད་བཅུ་གསུམ་པའི་སྐབས་དང་ཁྱད་པར་དུ་ན་ནིང་ཞིང་ཆེན་ཡོངས་ཀྱི་ཞིང་གསུམ་བྱ་བར་ཁས་ལེན་བྱས་ནས་བཤད་རྒྱུར། ལོ་ལྔའི་འཆར་འགོད་བཅུ་གསུམ་པའི་སྐབས་སུ། ང་ཚོས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་དངོས་འབེབས་རྦད་ཆོད་བྱས་ཏེ། ཧུར་བརྩོན་ཆེན་པོས་སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ཀྱི་འཐབ་ཇུས་ལ་སྐུལ་འདེད་བཏང་བ་དང་། ཞིང་ཕྱུགས་ལས་རིགས་སྟོབས་ལྡན་ཅན་དུ་བསྒྱུར་བའི་ལས་དོན་སྐས་རིམ་གསར་པ་ཞིག་ཏུ་བསྐྱལ་བ་དང་ཞིང་ཕྱུགས་ལས་རིགས་རྨད་དུ་བྱུང་བའི་ལས་དོན་གྱི་ལེའུ་གསར་པ་བརྩམས་མཐར། དུས་རབས་གསར་པའི་ཞིང་ཆེན་ཡོངས་ཀྱི་ཞིང་གསུམ་ལས་དོན་གྱི་གྲུབ་འབྲས་གཟེངས་ཐོན་གྱི་ཆ་འབུར་དུ་ཐོན་པར་བྱས། ན་ནིང་གློ་བུར་དུ་བྱུང་བའི་པྲོག་དབྱིབས་རིམས་ནད་ལ་ཁ་གཏད་འཇལ་ཆེད་ཤུགས་གང་ཡོད་བཏོན་ནས་དུས་ཚོད་དང་མྱུར་ཚད་བརྩོན་ལེན་བྱས་ཏེ། རིམས་འགོག་ལས་དོན་གྱིས་ཞིང་ལས་དང་ཐོན་སྐྱེད་ལ་དལ་འགོར་མི་བྱེད་པར་འབད་འབུངས་བྱས་ནས། ཞིང་གསུམ་གྱི་གཞི་རྩའི་སྡེ་བརྟན་པོ་ཡོང་བར་བྱས་པ་དང་ཁྲོམ་རའི་མཁོ་འདོན་ཕན་འབྲས་ལྡན་པའི་ངང་ནས་ཇེ་མང་དུ་བཏང་བ་བརྒྱུད། ལོ་ལྔའི་འཆར་འགོད་བཅུ་གསུམ་པ་བདེ་ལེགས་ངང་མཇུག་བསྡུ་བ་དང་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པར་རྨང་གཞི་བརྟན་པོ་བཏིངས། གྲུབ་འབྲས་འདི་དག་ལེན་ཐུབ་པའི་གཞི་རྩ་ནི་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་ཡང་དག་པའི་འགོ་ཁྲིད་ལ་རག་ལས་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་ཚན་རིག་ཁྲིད་སྟོན་ལ་རག་ལས་ཡོད་ཅིང་། ཞིང་ཆེན་ཡོངས་ཀྱི་གོང་འོག་བར་གསུམ་ཚང་མས་ཞིང་གསུམ་བྱ་བར་མཐོང་ཆེན་བྱས་པ་དང་རྒྱ་ཆེ་བའི་རོང་འབྲོག་མི་དམངས་ཀྱིས་ཞིང་ཕྱུགས་ལས་རིགས་ལ་དགའ་བ་སྒོམ་བཞིན་བྱས་རྗེས་བཞག་པ། ཧྲུའུ་ཅི་དང་པོ་དང་སྡེ་བར་སྡོད་པའི་བྱ་བའི་རུ་ཁག ཞིང་གསུམ་ལས་གནས་སྟེང་གི་ལས་བྱེད་པ་བཅས་ཀྱི་འབད་འབུངས་བདེན་གཉེར་ལའང་རག་ལས་ཡོད།

ཞིན་ཁྲང་ཞིང་གིས་བསྟན་དོན། དུས་རྣམ་ཀུན་ཏུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་ཁྲིད་སྟོན་དུ་འཛིན་པ་རྒྱུན་འཁྱོངས་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་ཀྲུང་དབྱང་ཞིང་སྡེ་བྱ་བའི་གྲོས་ཚོགས་དགོངས་དོན་ལ་ལྟ་བསྡུར་དང་དམིགས་ཚད་དུ་བཟུང་ནས། སྔར་ལས་ལྷག་པའི་སྒོ་ནས་ཏང་གིས་ཞིང་གསུམ་བྱ་བའི་ཁྱོན་ཡོངས་འགོ་ཁྲིད་བྱེད་ཤུགས་ཇེ་དྲག་ཏུ་གཏོང་བ་དང་། ཞིང་ལས་དང་ཞིང་སྡེ་ཀུན་གྱི་སྔོན་ལ་འཕེལ་རྒྱས་སུ་གཏོང་བ། ཁྱོན་ཡོངས་ནས་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བ། དབུལ་ཐར་མཁྲེགས་གཏོར་གྱི་ཕན་འབྲས་སྔར་ལས་སྲ་བརྟན་དང་རྒྱ་བསྐྱེད་གཏོང་བ། ཞིང་ཕྱུགས་ལས་རིགས་དང་རོང་འབྲོག་ས་ཁུལ་གྱི་དེང་རབས་ཅན་སྔར་ལས་ཇེ་མགྱོགས་སུ་གཏོང་བ། བྱེད་ཕྱོགས་ཏན་ཏིག་དང་བདེན་གཉེར་བྱེད་ཐབས་སྤྱད་དེ་ཉིས་སྟོང་ཉེར་གཅིག་ལོ་དང་ལོ་ལྔའི་འཆར་འགོད་བཅུ་བཞི་པའི་དུས་སྐབས་ཀྱི་ཞིང་ཆེན་ཡོངས་ཀྱི་ཞིང་གསུམ་བྱ་བ་བཟང་བོར་སྒྲུབ་རྒྱུ་དང་། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུའི་ལས་དོན་བཀོད་སྒྲིག་དངོས་འབེབས་དོན་ལྡན་དང་དངོས་འབེབས་མཐར་ཕྱིན་ཡོང་བར་འབད་དེ། གྲུབ་འབྲས་ཁྱད་འཕགས་ལ་བརྟེན་ཏེ་ཏང་བཙུགས་ནས་ལོ་བརྒྱ་འཁོར་བར་རྟེན་འབྲེལ་ཞུ་དགོས།

ཐེངས་འདིའི་གྲོས་ཚོགས་བརྙན་ལམ་ནས་བསྡུས་པ་དང་ཞིང་ཆེན་ལྟེ་གནས་ནས་ཚོགས་ར་གཙོ་བོ་བཙུགས། གྲོང་ཁྱེར་དང་ཁུལ། རྫོང་བཅས་ནས་ཡན་ལག་ཚོགས་ར་བཙུགས། ཞིང་ཆེན་གྱི་འགོ་ཁྲིད་མགོན་པོ་བཀྲ་ཤིས་དང་ལིས་ཅེ་ཞང་། ཝང་ཡུས་ཡན། ཉི་མ་སྒྲོལ་མ། ཝུའུ་ཧའེ་ཁུན། ཝང་ཞོན་བཅས་ཚོགས་ར་གཙོ་བོ་ནས་ཚོགས་འདུར་ཞུགས།

ཚོགས་ཐོག་ནས་ཞིང་ཆེན་ཞིང་ལས་དང་ཞིང་སྡེ་ཐིན་དང་ཞིང་ཆེན་དབུལ་སྐྱོར་གསར་སྤེལ་ཅུའུ། ཟི་ལིང་གྲོང་ཁྱེར། མཚོ་ཤར་གྲོང་ཁྱེར། མཚོ་ལྷོ་ཁུལ། མགོ་ལོག་ཁུལ་བཅས་ཀྱི་འགན་ཁུར་བློ་མཐུན་གཙོ་བོས་བསམ་འཆར་བརྗེ་རེས་བྱས།

ལོ་ཙཱ་བ། བན་དེ་སྐྱབས།