ཞི་ཅིན་ཕིང་པེ་ཅིང་ནས་བརྙན་རིས་ཀྱི་རྣམ་པར་བརྟེན་ནས་འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱི་ཏ་བོ་སིའི་གྲོས་རིམ་གྲོས་མོལ་ཚོགས་འདུར་ཞུགས་པར་མ་ཟད་ཤིས་ཚིག་ཕུལ།
2021.01.27 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 92


རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཚེས་ཉེར་ལྔ་ཉིན་གྱི་དགོང་མོར་པེ་ཅིན་ནས་བརྙན་རིས་ཀྱི་རྣམ་པར་བརྟེན་ནས་འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱི་ཏ་བོ་སིའི་གྲོས་རིམ་གྲོས་མོལ་ཚོགས་འདུར་ཞུགས་པར་མ་ཟད། ཁ་ཡིག་ལ་ཕྱོགས་མང་རིང་ལུགས་ཀྱི་དཔལ་འབར་གྱིས་མིའི་རིགས་མདུན་སྐྱོད་ཀྱི་བགྲོད་ལམ་གསལ་བར་བྱེད་དགོས་ཞེས་པའི་དམིགས་བསལ་ཤིས་ཚིག་ཕུལ། 


རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཚེས་ཉེར་ལྔ་ཉིན་གྱི་དགོང་མོར་པེ་ཅིང་ནས་བརྙན་རིས་ཀྱི་རྣམ་པར་བརྟེན་ནས་འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱི་ཏ་བོ་སིའི་གྲོས་རིམ་གྲོས་མོལ་ཚོགས་འདུར་ཞུགས་པར་མ་ཟད། ཁ་ཡིག་ལ་ཕྱོགས་མང་རིང་ལུགས་ཀྱི་དཔལ་འབར་གྱིས་མིའི་རིགས་མདུན་སྐྱོད་ཀྱི་བགྲོད་ལམ་གསལ་བར་བྱེད་དགོས་ཞེས་པའི་དམིགས་བསལ་ཤིས་ཚིག་ཕུལ། ཞི་ཅིན་ཕིང་གིས་བསྟན་དོན། དུས་རབས་འདིའི་མདུན་དུ་ལྷགས་པའི་དཔྱད་གཞི་ཐག་གཅོད་བཟང་བོ་བྱེད་པའི་ཐབས་ལམ་ནི་ཕྱོགས་མང་རིང་ལུགས་ལ་སྲུང་སྐྱོབ་དང་ལག་ལེན་བྱས་ནས་མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་གསར་སྐྲུན་བྱེད་པར་སྐུལ་འདེད་གཏོང་རྒྱུ་དེ་ཡིན། དུས་རབས་ཉེར་གཅིག་པའི་ཕྱོགས་མང་རིང་ལུགས་དེ་དག་སྲུང་གསར་འདོན་དང་མ་འོངས་པར་ཁ་ཕྱོགས་དགོས་ལ། ཕྱོགས་མང་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་དང་གཞི་རྩའི་རྩ་དོན་རྒྱུན་འཁྱོངས་བྱེད་དགོས་པ་དང་། འཛམ་གླིང་གི་རྣམ་པའི་འགྱུར་ལྡོག་ལ་རྐང་བཙུགས་ཏེ་འཛམ་གླིང་རང་བཞིན་གྱི་འགྲན་རྩོད་དགོས་མཁོ་ལ་ཁ་གཏད་འཇལ་དགོས། ཀྲུང་གོ་མུ་མཐུད་དུ་རྒྱལ་སྤྱིའི་རིམས་འགོག་མཉམ་ལས་ཁྲོད་དུ་ཞུགས་པ་དང་གཉིས་ཕན་མཉམ་རྒྱལ་གྱི་སྒོ་འབྱེད་འཐབ་ཇུས་ལག་བསྟར་བྱེད་པ། རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ཚན་རྩལ་གསར་སྐྲུན་ལ་ཡར་སྐུལ་བྱེད་པ། རྣམ་པ་གསར་བའི་རྒྱལ་སྤྱིའི་འབྲེལ་བ་གསར་སྐྲུན་བྱེད་པར་སྐུལ་འདེད་བཏང་ནས། མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་གསར་སྐྲུན་བྱེད་པའི་ཕྱོགས་སུ་མདུན་སྐྱོད་བྱེད་ངེས་ཡིན་ཟེར།

ཞི་ཅིན་ཕིང་གིས་བསྟན་དོན། ང་ཚོས་དུས་རབས་འདིའི་མདུན་དུ་ལྷགས་པའི་དཔྱད་གཞི་ཆེན་པོ་བཞི་ཐག་གཅོད་བཟང་བོ་བྱེད་དགོས། གཅིག ཆེ་ཕྱོགས་དཔལ་འབྱོར་སྲིད་ཇུས་ཀྱི་མཐུན་སྦྱོར་ལ་ཤུགས་བསྣན་ཏེ། འཛམ་གླིང་དཔལ་འབྱོར་རྒྱུན་མཐུན་དང་དོ་མཉམ། བཟོད་སྒོམ་བཅས་ཀྱི་སྒོ་ནས་འཕར་སྣོན་འབྱུང་བར་མཉམ་དུ་སྐུལ་འདེད་གཏོང་དགོས། གཉིས། འདུ་ཤེས་འཛིན་སྟངས་ཀྱི་ཕྱོགས་ཞེན་དོར་ཏེ། ཞི་བདེ་མཉམ་གནས་དང་གཉིས་ཕན་མཉམ་རྒྱལ་གྱི་བགྲོད་ལམ་དུ་མཉམ་སྐྱོད་བྱེད་དགོས། གསུམ། དར་རྒྱས་ཆེ་བའི་རྒྱལ་ཁབ་དང་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་བར་གྱི་འགལ་རྐྱེན་བསལ་ཏེ། རྒྱལ་ཁབ་སོ་སོ་དར་རྒྱས་གོང་འཕེལ་དུ་འགྲོ་བར་མཉམ་དུ་སྐུལ་འདེད་གཏོང་དགོས། བཞི། ལག་རྡང་སྦྲེལ་ཏེ་འཛམ་གླིང་རང་བཞིན་གྱི་འགྲན་རྩོད་ལ་ཁ་གཏད་འཇལ་ཏེ། མིའི་རིགས་ཀྱི་མཛེས་པའི་མ་འོངས་པ་མཉམ་སྐྲུན་བྱེད་དགོས་པ་བཅས་རེད།

ཞི་ཅིན་ཕིང་གིས་བསྟན་དོན། འཛམ་གླིང་སྟེང་གི་གནད་དོན་རྙོག་འཛིང་ཆེ་བ་དང་། གནད་དོན་ཐག་གཅོད་པའི་ཐབས་ལམ་ནི་ཕྱོགས་མང་རིང་ལུགས་ལ་སྲུང་སྐྱོབ་དང་ལག་ལེན་བྱས་ནས། མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་གསར་སྐྲུན་བྱེད་པར་སྐུལ་འདེད་གཏོང་རྒྱུ་དེ་ཡིན། གཅིག སྒོ་འབྱེད་བཟོད་སྒོམ་རྒྱུན་འཁྱོངས་བྱས་ཏེ་བཀག་སྡོམ་དང་ཁེར་རྐྱང་དུ་མི་འདུག་པ་དང་། གཉིས། རྒྱལ་སྤྱིའི་ཁྲིམས་སྲོལ་རྨང་གཞིར་འཛིན་པ་རྒྱུན་འཁྱོངས་བྱས་ཏེ། རང་ཉིད་གཞན་ལས་གཙོར་མི་འཛིན་པ། གསུམ། གྲོས་མོལ་མཉམ་ལས་རྒྱུན་འཁྱོངས་བྱས་ཏེ། གདོང་གཏུག་དང་འགྲན་རྒོལ་མི་བྱེད་པ། བཞི། བབ་བསྟུན་མདུན་སྐྱོད་རྒྱུན་འཁྱོངས་བྱས་ཏེ་རང་ལམ་རང་འགོག་མི་བྱེད་པ་བཅས་བྱེད་དགོས་ཟེར།

ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་བགྲོད་ལམ་གསར་བ་གསར་གཏོད་བྱས། ང་ཚོས་འཕེལ་རྒྱས་ཀྱི་དུས་སྐབས་གསར་བར་རྐང་བཙུགས་ཏེ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ལག་བསྟར་བྱེད་པ་དང་། ཧུར་ཐག་སྒོས་འཕེལ་རྒྱས་ཀྱི་རྣམ་པ་གསར་བ་གསར་སྐྲུན་བྱེད་པར་མ་ཟད། རྒྱལ་ཁབ་སོ་སོ་དང་མཉམ་དུ་ཡུན་རིང་ཞི་བདེ་དང་ཡོངས་ཁྱབ་བདེ་འཇགས། མཉམ་དུ་དར་རྒྱས་སུ་འགྲོ་བ། སྒོ་འབྱེད་བཟོད་སྒོམ། དག་གཙང་མཛེས་སྡུག་གི་འཛམ་གླིང་མཉམ་སྐྲུན་བྱེད་ངེས་ཡིན་ཟེར།

                                                                                              ལོ་ཙཱ་བ། བཀྲ་ཤིས་འབུམ།