མཚོ་སྔོན་ཞིང་ཆེན་གྱི་རང་བྱུང་ཐོན་ཁུངས་བྱ་བའི་གྲོས་ཚོགས་ཟི་ལིང་ནས་ཚོགས།
2021.02.24 ཁུངས། མཚོ་སྔོན་་གསར་འགྱུར་དྲ་བ། ཀློག་གྲངས། 15


ཟླ་གཉིས་པའི་ཚེས་ཉེར་གཉིས་ཉིན། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་རང་བྱུང་ཐོན་ཁུངས་བྱ་བའི་གྲོས་ཚོགས་ཟི་ལིང་ནས་ཚོགས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་ཅན་ཅུན་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཞིན་ཁྲང་ཞིང་གིས་བྱ་བའི་རེ་བ་བཏོན། ཧྲིན་ཀྲང་གཞོན་པ་ལིའུ་ཐོ་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད།

ཝང་ཅན་ཅུན་གྱིས་ནན་གྱིས་བསྟན་དོན། རང་བྱུང་ཐོན་ཁུངས་ནི་ཐོན་སྐྱེད་རྒྱུ་སྐྱེན་ཡིན་ལ་ཐོན་སྐྱེད་ནུས་ཤུགས་ཀྱང་ཡིན་པ་དང་། རང་བྱུང་ཐོན་ཁུངས་བྱ་བ་ནི་ཐོན་སྐྱེད་རྒྱུ་རྐྱེན་ལ་སྲུང་སྐྱོབ་བྱེད་པ་དང་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་སུ་གཏོང་བའི་བྱ་བ་གལ་ཆེན་ཡིན། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བའི་ཁྲོད་ཀྱི་གོ་གནས་དམིགས་བསལ་ཡིན་པ་དང་འགན་འཁྲི་ཧ་ཅང་ལྕི། འདས་པའི་ལོ་གཅིག་ནི་ཆེས་སྤྱིར་བཏང་མིན་པའི་ལོ་ཞིག་ཡིན་ལ། ཞིང་ཆེན་ཡོངས་ཀྱི་རང་བྱུང་ཐོན་ཁུངས་ལས་ཁུངས་ཀྱི་བྱ་བའི་ཐད་ནས་ཀྱང་སྤྱིར་བཏང་ཡིན་པ་དང་། ལྷག་པར་དུ་མུ་རི་གཏེར་ཁུལ་དང་མདོ་ལ་རི་བོའི་ལྷོ་རྒྱུད་མཚོ་སྔོན་ས་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་ལ་དམིགས་ནས། རང་བྱུང་ཐོན་ཁུངས་ལས་ཁུངས་ཀྱི་རྒྱ་ཆེའི་ལས་བྱེད་པ་ཚོས་དཀའ་སྤྱད་འབད་འཐབ་བྱས། ད་ལོ་ནི་ལོ་ལྔའི་འཆར་འགོད་བཅུ་བཞི་པའི་འགོ་རྩོམ་པའི་ལོ་ཡིན་པས། ཞིང་ཆེན་ཡོངས་ཀྱི་རང་བྱུང་ཐོན་ཁུངས་བྱ་བའི་ཐད་ནས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་ལག་བསྟར་ཟབ་མོ་བྱེད་པ་དང་། རི་ཆུ་ནགས་ཞིང་དང་མཚེའུ། རྩྭ་ས། དར་དང་བྱེ་མ་བཅས་ནི་ཚེ་སྲོག་གི་ཐུན་མོང་ཚོགས་པ་ཡིན་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བ། ཐོན་ཁུངས་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོབ་ཀྱི་གཞི་རྩའི་རྒྱལ་ཇུས་རྒྱུན་འཁྱོངས་བྱེད་པ། ཕྱོགས་བསྡུས་བཅོས་སྐྱོང་བྱ་བར་རྒྱུན་མཐུད་ངང་སྤེལ་ནས། མི་དང་རང་བྱུང་འཆམ་མཐུན་འཕེལ་རྒྱས་སུ་གཏོང་བའི་དེང་རབས་ཅན་གྱི་མ་དཔེ་གསར་བ་གྲུབ་པར་བྱེད་པ་དང་། གྲུབ་འབྲས་བཟང་བོས་ཏང་བཙུགས་ནས་ལོ་འཁོར་བརྒྱ་ལོན་པར་རྟེན་འབྲེལ་ཞུ་དགོས།

ཞིན་ཁྲང་ཞིང་གིས་ནན་གྱིས་བསྟན་དོན། འདས་པའི་ལོ་གཅིག་ནང་། ཞིང་ཆེན་ཡོངས་ཀྱི་རང་བྱུང་ཐོན་ཁུངས་ལས་ཁུངས་ཀྱིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུ་དང་། ཞིང་ཆེན་སྲིད་གཞུང་གི་བྱ་བའི་བཀོད་སྒྲིག་མཐའ་གཅིག་ཏུ་ལག་བསྟར་བྱས་པ་དང་། དཀའ་ངལ་ཁྱད་སེལ་དང་དཀའ་ཁག་མདུན་སྐྱོད་བྱས་པས། རྒྱལ་ཁོངས་བར་སྟོང་འཆར་འགོད་སྒྲིག་བཟོ་དང་སྐྱེ་ཁམས་སྲུང་སྐྱོབ་གཏན་འབེབས། སྐྱེ་ཁམས་སྲུང་སྐྱོབ་སླར་གསོ། སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་སོགས་ཕྱོགས་ནས་གྲུབ་འབྲས་གསར་བ་བླངས། ལོ་གསར་བའི་ནང་། ཞིང་ཆེན་ཡོངས་ཀྱི་རང་བྱུང་ཐོན་ཁུངས་ལས་ཁུངས་ཀྱིས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་ལག་བསྟར་ཟབ་མོ་བྱེད་པ་དང་། ཏན་ཏན་ཏིག་ཏིག་གིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པའི་བླང་བྱ་གལ་ཆེན་དང་ཆེས་ཆེ་བ་གསུམ་གྱི་ཞིང་ཆེན་གྱི་གནས་ཚུལ་དངོས་ལ་རྐང་འཛུགས་པ། གཅིག་གྱུར་ལག་བསྟར་གཉིས་ཀྱི་འགན་འཁྲི་ལག་བསྟར་ནན་མོ་བྱེད་པ། རྒྱལ་ཁོངས་བར་སྟོང་གསར་སྤེལ་སྲུང་སྐྱོབ་རྣམ་པ་ལེགས་བསྒྱུར་བྱེད་པ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་གཙོ་ཤུགས་དམག་གི་ནུས་པ་འདོན་སྤེལ་སྔར་ལས་བཟང་བོ་བྱས་ཏེ། ལོ་ལྔའི་འཆར་འགོད་བཅུ་བཞི་པའི་འགོ་བཟང་བོ་རྩོམ་པའི་ཐད་བྱས་རྗེས་གསར་བ་འཇོག་དགོས།

ལིའུ་ཐོ་ཡིས་ལོ་ལྔའི་འཆར་འགོད་བཅུ་གསུམ་པའི་སྐབས་ཀྱི་ཞིང་ཆེན་ཡོངས་ཀྱི་རང་བྱུང་ཐོན་ཁུངས་བྱ་བའི་ཐད་ནས་བླངས་པའི་གྲུབ་འབྲས་སྤྱི་སྡོམ་བྱས་པ་དང་། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་བཀོད་སྒྲིག་གལ་ཆེན་དང་དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་གཏོང་བའི་དགོས་མཁོ། འཕེལ་རྒྱས་ཀྱི་དུས་རིམ་གསར་བའི་ཐད་ཀྱི་འབུར་ཐོན་གནད་དོན་ལ་དམིགས་ནས། ཞིང་ཆེན་ཡོངས་ཀྱི་རང་བྱུང་ཐོན་ཁུངས་དོ་དམ་བྱ་བའི་ཐད་ཀྱི་གནས་བབ་ལ་དབྱེ་ཞིབ་ཟབ་མོ་བྱས། ཁོས་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་མོ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངག་བཅོལ་ཡིད་ལ་དམ་པོར་འཛིན་པ། རྨོ་ཞིང་སྲུང་སྐྱོབ་དང་གྲོན་ཆུང་ལེགས་བསྡུས་སྒོས་ས་ཞིང་སྤྱོད་པ། ཆེས་གཟབ་ནན་གྱི་རྨོ་ཞིང་སྲུང་སྐྱོབ་ལམ་ལུགས་ལག་བསྟར་བྱས་ནས། རྨོ་ཞིང་སྲུང་སྐྱོབ་ལྟ་ཞིབ་གནད་དོན་དག་ཐེར་ལེགས་བཅོས་བྱེད་དགོས། རྒྱལ་ཁོངས་བར་སྟོང་འཆར་འགོད་མ་ལག་སྔར་ལས་འཐུས་ཚང་དུ་གཏོང་བ་དང་། ཚན་རིག་དང་མཐུན་པའི་སྒོ་ནས་ཚོད་འཛིན་རིས་ཐིག་གསུམ་གཏན་འབེབས་བྱེད་པ། ཁུལ་ཁོངས་དགེ་མཚན་ཁ་གསབ་ལ་ཤུགས་བསྣན་ནས། ཞིང་སྡེ་དར་སྤེལ་འཐབ་ཇུས་ལག་བསྟར་བྱེད་པར་སྐུལ་འདེད་གཏོང་དགོས། སྐྱེ་ཁམས་སྲུང་སྐྱོབ་སླར་གསོ་དང་ཁྲིམས་འཛིན་ལྟ་སྐུལ་དམ་འཛིན་བྱེད་པ་དང་། ཚན་རིག་དང་མཐུན་པའི་སྒོ་ནས་སྐྱེ་ཁམས་སྲུང་སྐྱོབ་སླར་གསོ་བྱེད་པ། ལྗང་མདོག་ཞིབ་བཤེར་གསར་སྤེལ་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ། གོ་རིམ་ཧྲིལ་བོའི་ལྟ་སྐུལ་དོ་དམ་རྐྱེན་སྲོལ་བཙུགས་ནས། རང་བྱུང་ཐོན་ཁུངས་ཁྱབ་ཁོངས་ཀྱི་རིགས་མི་འདྲ་བའི་ཁྲིམས་འགལ་སྤྱོད་ཚུལ་ལ་མཐའ་གཅིག་ཏུ་རྡུང་རྡེག་བྱེད་དགོས། སྟོབས་ཤུགས་ཡོད་རྒུས་མུ་རི་གཏེར་ཁུལ་དང་མདོ་ལ་རི་བོའི་ལྷོ་རྒྱུད་མཚོ་སྔོན་ས་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་བྱེད་པ་དང་། རྩྭ་འདེབས་ལྗང་བསྒྱུར་ལས་འགན་ཡོངས་འགྲུབ་བྱེད་པ། གཏེར་ལས་དབང་ཆ་རིགས་བགར་ནས་ཐག་བཅད་དེ། ལས་འགན་སྣ་ཚོགས་ཐད་ནས་བཅོས་སྐྱོང་གི་རེ་བའི་ཚད་དུ་བསླེབ་པར་ཁག་ཐེག་བྱེད་དགོས། ཏང་གི་འཛུགས་སྐྲུན་དང་ལས་སྒོའི་བྱ་བ་གཉིས་དམ་འཛིན་བྱེད་པ་དང་། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་བ། བྱ་བའི་སྤྱོད་ཚུལ་བསྒྱུར་བ་དང་ཞབས་ཞུའི་འདུ་ཤེས་མཐོར་འདེགས་གཏོང་བ། ཞབས་ཞུའི་ཕན་ནུས་མཐོར་འདེགས་བཏང་སྟེ། ཞིང་ཆེན་ཡོངས་ཀྱི་རང་བྱུང་ཐོན་ཁུངས་དོ་དམ་བྱ་བའི་རྣམ་པ་གསར་བ་གྲུབ་པར་བྱེད་དགོས།

                                                                                                                    ལོ་ཙཱ་བ། རིན་ཆེན་མཚོ།