ཞིང་ཆེན་ཡོངས་ཀྱི་ཚོང་རའི་ལྟ་སྐུལ་དོ་དམ་བྱ་བའི་གྲོས་ཚོགས་ཟི་ལིང་ནས་ཚོགས།
2021.02.25 ཁུངས། མཚོ་སྔོན་་གསར་འགྱུར་དྲ་བ། ཀློག་གྲངས། 17

ཟླ་གཉིས་པའི་ཚེས་ཉེར་བཞི་ཉིན། ཞིང་ཆེན་ཡོངས་ཀྱི་ཚོང་རའི་ལྟ་སྐུལ་དོ་དམ་བྱ་བའི་གྲོས་ཚོགས་ཟི་ལིང་ནས་ཚོགས། ཚོགས་ཐོག་ནས་ལོ་ལྔའི་འཆར་འགོད་བཅུ་གསུམ་པ་དང2020ལོའི་ཞིང་ཆེན་ཡོངས་ཀྱི་ཚོང་རའི་ལྟ་སྐུལ་དོ་དམ་བྱ་བར་སྤྱི་སྡོམ་བྱས་པ་དང་། ལོ་ལྔའི་འཆར་འགོད་བཅུ་བཞི་པ་དང་ད་ལོའི་བྱ་བ་གཙོ་བོར་འཆར་འགོད་བཀོད་སྒྲིག་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་ཅན་ཅུན་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཞིན་ཁྲང་ཞིང་གིས་བྱ་བའི་རེ་བ་བཏོན། ཧྲིན་ཀྲང་གཞོན་པ་ལིའུ་ཐོ་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད།

ཝང་ཅན་ཅུན་གྱིས་ནན་གྱིས་བསྟན་དོན། ཚོང་རའི་ལྟ་སྐུལ་དོ་དམ་བྱ་བ་ནི་སྤྱི་ཚོགས་རིང་ལུགས་ཚོང་རའི་དཔལ་འབྱོར་བཅོས་སྒྱུར་གྱི་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་། དཔལ་འབྱོར་རྒྱུན་མཐུད་དང་བདེ་ཐང་ངང་འཕེལ་རྒྱས་སུ་གཏོང་བའི་བྱ་བ་གལ་ཆེན་ཡིན། འདས་པའི་ལོ་གཅིག་ནང་། ཞིང་ཆེན་ཡོངས་ཀྱི་ཚོང་རའི་ལྟ་སྐུལ་དོ་དམ་བྱ་བའི་ཐད་ནས་ཉམས་སད་ཚབས་ཆེན་ཐེག་པ་དང་། ཉམས་སད་ཀྱི་མདུན་དུ་ཚོང་རའི་ལྟ་སྐུལ་དོ་དམ་ལས་ཁུངས་ཀྱི་ལས་བྱེད་པ་ཡོངས་ཀྱིས་དཀའ་ངལ་ཁྱད་སེལ་དང་འབད་འཐབ་ལྷོད་མེད་བྱས་ལ། རིམས་ནད་འགོག་བཅོས་དང་ཁེ་ལས་ལ་རོགས་བྱེད་པ་དང་དཀའ་ངལ་ཐག་གཅོད་པ། མཁོ་འདོན་གཏན་འཇགས་དང་རིན་གོང་འགན་སྲུང་བྱེད་པ། བདེ་འཇགས་བརྟན་སྲུང་བྱེད་པ། སྤུས་ཚད་མཐོར་འདེགས་གཏོང་བ་སོགས་ཕྱོགས་ནས་བྱས་རྗེས་ཆེན་པོ་བཞག ད་ལོ་ནི་ལོ་ལྔའི་འཆར་འགོད་བཅུ་བཞི་པ་མགོ་རྩོམ་པའི་ལོ་ཡིན་པ་དང་། འཕེལ་རྒྱས་ཀྱི་དུས་རིམ་གསར་བ་ཁོང་དུ་ཆུད་པར་བྱེད་པ་དང་འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ལག་བསྟར་བྱེད་པ། འཕེལ་རྒྱས་སུ་གཏོང་སྟངས་གསར་བ་འཛུགས་པ་ནི་ཚོང་རའི་ལྟ་སྐུལ་དོ་དམ་བྱ་བའི་དབྱངས་རྟ་གཙོ་བོ་ཡིན་པས། ཞིང་ཆེན་ཡོངས་ཀྱི་ཚོང་རའི་ལྟ་སྐུལ་དོ་དམ་ལས་ཁུངས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་དང་། གཡོ་འགུལ་སྤུ་ཙམ་ཡང་མི་བྱེད་པ་གཉིས་ནམ་ཡང་རྒྱུན་འཁྱོངས་བྱེད་པ། ཁྲིམས་སྐྱོང་བརྟན་པོ་འཛུགས་པ་ནི་ཆེས་བཟང་བའི་ཚོང་གཉེར་ཁོར་ཡུག་གི་འདུ་ཤེས་ཡིན་ལ། ཚོང་ལས་ལ་བརྩི་འཇོག་བྱེད་པ། མི་དམངས་ལ་སྲུང་སྐྱོབ་བྱས་ནས། སྤུས་ཚད་མཐོན་པོའི་འཕེལ་རྒྱས་དང་མི་དམངས་ཀྱི་མཛེས་སྡུག་གི་འཚོ་བའི་དགོས་མཁོ་ལ་ཞབས་འདེགས་སྔར་ལས་བཟང་བོ་ཞུ་བ་དང་། གྲུབ་འབྲས་བཟང་བོས་ཏང་བཙུགས་ནས་ལོ་འཁོར་བརྒྱ་ལོན་པར་བསུ་མ་བྱེད་དགོས་ཟེར།

ཞིན་ཁྲང་ཞིང་གིས་ནན་གྱིས་བསྟན་དོན། 2020ལོར། ཞིང་ཆེན་ཡོངས་ཀྱི་ཚོང་རའི་ལྟ་སྐུལ་དོ་དམ་ལས་ཁུངས་ཀྱིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུ། ཞིང་ཆེན་སྲིད་གཞུང་གི་བྱ་བའི་བཀོད་སྒྲིག་མཐའ་གཅིག་ཏུ་ལག་བསྟར་བྱས་པ་དང་། རིམས་ནད་ཀྱི་གནོད་པ་ཐག་བཅད་ལ། ཚོང་གཉེར་ཁོར་ཡུག་རྒྱུན་མཐུད་ངང་ལེགས་བསྒྱུར་བྱས་པ་དང་། བདེ་འཇགས་ཀྱི་ཚད་མཐའ་དམ་སྲུང་བྱས་པ་དང་། འཕེལ་རྒྱས་ཀྱི་རྨང་གཞི་བརྟན་པོ་བཙུགས་པས། ཚོང་རའི་ལྟ་སྐུལ་དོ་དམ་བྱ་བའི་ཐད་ནས་གྲུབ་འབྲས་གསར་བ་བླངས། ལོ་གསར་བའི་ནང་། ཞིང་ཆེན་ཡོངས་ཀྱི་ཚོང་རའི་ལྟ་སྐུལ་དོ་དམ་ལས་ཁུངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་ནན་མོ་བྱེད་པ་དང་། ཚོང་དོན་ལམ་ལུགས་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བ། ཚོང་གཉེར་ཁོར་ཡུག་སྔར་ལས་བཟང་བོ་བསྐྲུན་པ། ཚོང་རའི་གསོན་ཤུགས་དང་སྤྱི་ཚོགས་གསར་སྐྲུན་ནུས་པ་ཆེར་བསྐྱེད་དེ། སྒུལ་ནུས་གསར་བ་སྐྱེད་སྲིང་དང་རྒྱ་བསྐྱེད་དགོས། ལྷག་པར་དུ་ཟས་རིགས་དང་སྨན་རྫས། དམིགས་བསལ་སྒྲིག་ཆས་དང་ཐོན་རྫས་སྤུས་ཚད་བདེ་འཇགས་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་པ་དང་། འདྲ་མཉམ་དྲང་གཞག་གི་འགྲན་རྩོད་ལ་སྲུང་སྐྱོབ་བྱེད་པ། ཤེས་བྱའི་ཐོན་དབང་དང་འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོབ་བྱེད་ཤུགས་ཇེ་དྲག་ཏུ་བཏང་སྟེ། མི་དམངས་མང་ཚོགས་ཀྱི་འཚོ་བའི་སྟེང་གི་བདེ་ཐང་དང་ལྕེ་རྩེའི་བདེ་འཇགས་བརྟན་སྲུང་བྱེད་དགོས་ཟེར།

ལིའུ་ཐོ་ཡིས་ལོ་ལྔའི་འཆར་འགོད་བཅུ་གསུམ་པའི་སྐབས་ཀྱི་ཞིང་ཆེན་ཡོངས་ཀྱི་ཚོང་རའི་ལྟ་སྐུལ་དོ་དམ་བྱ་བའི་ཐད་ནས་བླངས་པའི་གྲུབ་འབྲས་སྤྱི་སྡོམ་བྱས་པ་དང་། ཚོང་རའི་ལྟ་སྐུལ་དོ་དམ་བྱ་བའི་མདུན་དུ་ལྷགས་པའི་གནས་བབ་གསར་བ་དང་ལས་འགན་གསར་བ། འགྲན་རྩོད་གསར་བར་དབྱེ་ཞིབ་ཟབ་མོ་བྱས། ཁོས་ནན་གྱིས་བསྟན་དོན། ཞིང་ཆེན་ཡོངས་ཀྱི་ཚོང་རའི་ལྟ་སྐུལ་དོ་དམ་ལས་ཁུངས་ཀྱིས་བསམ་བློ་གཅིག་གྱུར་བྱེད་པ་དང་ངོས་ཟིན་མཐོར་འདེགས་གཏོང་བ། འཕེལ་རྒྱས་ཀྱི་དུས་རིམ་གསར་བའི་ཚོང་རའི་ལྟ་སྐུལ་དོ་དམ་བྱ་བའི་འགན་འཁྲི་འདུ་ཤེས་དང་ལོ་རྒྱུས་འདུ་ཤེས་ཇེ་དྲག་ཏུ་གཏོང་བ། བཅོས་སྒྱུར་ལ་སྐུལ་འདེད་གཏོང་བ་དང་ཚོང་རའི་གསོན་ཤུགས་རྒྱུན་མཐུད་ངང་ཆེར་བསྐྱེད་པ་དང་། ཚོང་ར་གཏན་འཇགས་སུ་བཏང་ནས་ཁོར་ཡུག་བཟང་བོ་བསྐྲུན་པ། སྒུལ་ནུས་ཇེ་དྲག་ཏུ་བཏང་སྟེ་སྤུས་ཚད་ཀྱི་འདེགས་སྐྱོར་ཇེ་དྲག་ཏུ་གཏོང་བ། བདེ་འཇགས་ལ་འགན་སྲུང་བྱས་ནས་བདེ་འཇགས་ཀྱི་ཚད་མཐའ་བརྟན་པོ་འཛུགས་པ། སྒྲིག་ལམ་དོ་དམ་བྱས་ནས་ལྟ་སྐུལ་དོ་དམ་ཕན་ནུས་མཐོར་འདེགས་གཏོང་བ། དཔུང་སྡེ་དམ་འཛིན་བྱས་ནས་འཕེལ་རྒྱས་ཀྱི་རྨང་གཞི་བརྟན་པོ་འདིང་བ་བཅས་ཀྱི་སྟེང་ཤུགས་བཏོན་ནས། ཞིང་ཆེན་ཡོངས་ཀྱི་ཚོང་རའི་ལྟ་སྐུལ་དོ་དམ་བྱ་བར་སྐུལ་འདེད་བཏང་སྟེ་ལོ་ལྔའི་འཆར་འགོད་བཅུ་བཞི་པའི་མགོ་བཟང་བོ་རྩོམ་དགོས། དཀའ་ངལ་གདོང་གིས་བསུས་ནས་མདུན་དུ་བསྐྱོད་པ་དང་ཁག་ཁུར་བྱེད་ཕོད་པ། དྲང་བདེན་འཛིན་སྐྱོང་དང་གསར་གཏོད་བྱེད་པ། སྤོབས་པ་ཆེན་པོས་སྔོན་ཐོན་བརྩོན་ལེན་བྱེད་པའི་མཚོ་སྔོན་གྱི་ཚོང་རའི་ལྟ་སྐུལ་དོ་དམ་མི་སྣའི་སྙིང་སྟོབས་དར་སྤེལ་གཏོང་བ། ཟས་རིགས་དང་སྨན་རྫས། དམིགས་བསལ་སྒྲིག་ཆས་དང་ཐོན་རྫས་སྤུས་ཚད་བདེ་འཇགས་ཀྱི་ཆབ་སྲིད་འགན་འཁྲི་གལ་ཆེན་ཕྲག་ཏུ་བླངས་ཏེ། སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ཀྱི་འཐབ་ཇུས་ལག་བསྟར་བྱེད་པ་དང་། མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་ལེའུ་གསར་བ་འབྲི་བའི་ཐད་བློ་གྲོས་དང་སྟོབས་ཤུགས་འབུལ་དགོས་ཟེར།

ལོ་ཙཱ་བ། རིན་ཆེན་མཚོ།