ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཏང་ཙུའུ་གྲོས་ཚོགས་བསྡུས།
2021.02.25 ཁུངས། མཚོ་སྔོན་་གསར་འགྱུར་དྲ་བ། ཀློག་གྲངས། 35

ཟླ་གཉིས་པའི་ཚེས་ཉེར་བཞི་ཉིན།   ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཏང་ཙུའུ་ཡིས་གྲོས་ཚོགས་ཐེངས་ང་བརྒྱད་པ་བསྡུས་ཏེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཐུན་མོང་སློབ་སྦྱོང་ཐེངས་ཉེར་བདུན་པའི་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཀྲུང་དབྱང་གི་འབྲེལ་ཡོད་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་།   ཉིས་སྟོང་ཉི་ཤུ་ལོའི་ལས་ཁུངས་ཀྱི་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་སྒྲིག་ཁྲིམས་ཞིབ་བཤེར་བྱ་བ།   དེ་མིན་སྤྱོད་ཚུལ་ཐད་ཀྱི་འབུར་ཐོན་གནད་དོན་གཅིག་བསྡུས་བཅོས་སྐྱོང་ཆེད་དོན་འགུལ་སྐྱོད་བྱ་བའི་གནས་ཚུལ་བཅས་ཐད་ཀྱི་སྙན་ཞུར་ཉན།   རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི།   ཀྲུའུ་རིན་གཞོན་པ་ཀྲང་ཀོང་རོང་གིས་གྲོས་ཚོགས་ལ་མགོ་འཛིན་བྱས་པ་དང་།  ཏང་ཙུའུ་ཧྲུའུ་ཅི་གཞོན་པ།  ཀྲུའུ་རིན་གཞོན་པ་མཱ་ཝེ་དང་ཉི་མ་སྒྲོལ་མ།  ཏང་ཙུའུ་ཁོངས་མི། ཀྲུའུ་རིན་གཞོན་པ་ཝུའུ་ཧེ་ཁུན་དང་།   ཀྲང་ཧོང་ཡོན།   དྲུང་ཡིག་ཆེན་མོ་ཅཱ་དབྱིན་ཀྲུང་བཅས་གྲོས་ཚོགས་ལ་ཞུགས།   ཀྲུའུ་རིན་གཞོན་པ་ལིག་ཐུང་ཏི་གྲོས་ཚོགས་ལ་ཟུར་ཞུགས་བྱས།

གྲོས་ཚོགས་སྟེང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་ནང་དོན་ཕུན་སུམ་ཚོགས་པ་དང་བསམ་བློ་གཏིང་ཟབ་པས་འཕེལ་རྒྱས་ཀྱི་དུས་རིམ་གསར་པར་རྒྱུས་ལོན་ཡང་དག་བྱེད་པ་དང་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་དོན་འཁྱོལ་བྱེད་པ།    འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གྲུབ་པར་བྱེད་པ།    སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཐད་རྩ་བའི་བསྲུང་བྱ་འདོན་སྤྲོད་བྱས་ཡོད།    གོ་བ་མཐིལ་ཕྱིན་ལེན་པ་དང་དོན་དངོས་སྒྲུབ་པའི་སྟེང་རྒྱུན་མཐུད་ངང་ཤུགས་འདོན་པ་དང་།   འཕེལ་རྒྱས་ཀྱི་འདུ་ཤེས་གསར་པའི་བརྗོད་དོན་གཙོ་བོར་གོ་བ་གཏིང་ཟབ་ལེན་པ་དང་རྒྱུས་ལོན་ཡང་དག་བྱས་ཏེ་ཆབ་སྲིད་བརྡར་གཅོད་ཀྱི་ནུས་པ་དང་ཆབ་སྲིད་ཤེས་རྟོགས་ཀྱི་ནུས་པ།  ཆབ་སྲིད་ལག་བསྟར་གྱི་ནུས་པ་བཅས་རྒྱུན་མཐུད་མཐོར་འདེགས་གཏོང་དགོས།    འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་དོན་འཁྱོལ་བྱེད་པ་དེ་བྱ་བའི་སྟེང་མངོན་པར་བྱེད་པ་དང་འགུལ་སྐྱོད་སྟེང་དོན་འཁྱོལ་བྱེད་པ།   ད་ལོའི་བྱ་བ་སོ་སོར་འཆར་འགོད་སྔར་ལས་བཟང་བོ་བྱས་ཏེ་ཞིང་ཆེན་ཡོངས་ཀྱི་ལོ་ལྔའི་འཆར་འགོད་བཅུ་བཞི་བའི་མགོ་བཟང་བོ་རྩོམ་པའི་ཐད་དམངས་ཆེན་གྱི་སྟོབས་ཤུགས་འབུལ་དགོས་པ་དང་།   གྲུབ་འབྲས་བཟང་བོས་ཏང་བཙུགས་ནས་ལོ་འཁོར་བརྒྱ་ལོན་པར་བསུ་མ་བྱེད་དགོས་ཞེས་ནན་གྱིས་བསྟན།

གྲོས་ཚོགས་སྟེང་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བ་དང་ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བའི་དགོངས་དོན་སློབ་སྦྱོང་ནན་མོ་དང་ལག་བསྟར་དོན་འཁྱོལ་བྱེད་དགོས་པ་དང་།    ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པ་དེ་ཐོག་མར་ཆབ་སྲིད་ཐད་ནས་ལྟ་བ་རྒྱུན་འཁྱོངས་ཀྱིས་ཏང་བཅོས་སྐྱོང་དང་ཏང་དོ་དམ་བྱེད་པའི་གཙོ་གཞིའི་འགན་འཁྲི་ཁུར་དུ་ལེན་དགོས།    ནུས་ཡོད་ཀྱི་ཉམས་མྱོང་བྱེད་ཐབས་སྤྱོད་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་།    ལམ་ལུགས་འཛུགས་སྐྲུན་དང་ལྟ་སྐུལ་ནན་མོ་བྱེད་པ།   སྤྱོད་ཚུལ་བསྒྱུར་བ།   སྣང་ཚུལ་བསྐྲུན་པ་བཅས་ཀྱི་སྟེང་རྒྱུན་མཐུད་ངང་ཤུགས་བསྣན་ནས་གྱོད་གཞིར་ངེས་པར་དུ་ཞིབ་བཤེར་བྱེད་པ་དང་།   ནོར་འཁྲུལ་ངེས་པར་དུ་ཡོ་བསྲང་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་པ།   ཡང་དག་པའི་མི་འདེམ་མི་བཀོལ་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱེད་པ།   ཞིང་ཆེན་ཏང་ཨུའི་སྐོར་ཞིབ་བྱ་བར་མཐུན་སྦྱོར་བཟང་བོ་བྱེད་པ།    ལས་ཁུངས་ཀྱི་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་སྒྲིག་ཁྲིམས་ཞིབ་བཤེར་བྱ་བའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོར་འདེགས་གཏོང་བ་བཅས་བྱས་ཏེ་སྤྱོད་གཙང་སྲོལ་བཟང་གི་ཆབ་སྲིད་སྐྱེ་ཁམས་སྲ་བརྟན་དང་འཕེལ་རྒྱས་གཏོང་དགོས་ཞེས་ནན་གྱིས་བསྟན།

གྲོས་ཚོགས་སྟེང་ད་རུང་ཞིང་ཆེན་དམངས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉེར་བཞི་བའི་གྲོས་གཞི་གྲོས་དོན་དང་དོན་དག་གཞན་པར་ཞིབ་འཇུག་གྲོས་བསྡུར་བྱས།

                                                                                                              ལོ་ཙཱ་བ་ལྷ་མོ་ཚེ་རིང་།