ཞིང་ཆེན་ཡོངས་ཀྱི་མེ་གསོད་མེ་འགོག་བྱ་བའི་བརྙན་རིས་གྲོས་ཚོགས་ཟི་ལིང་ནས་ཚོགས།
2021.02.25 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 40

ཟླ་གཉིས་པའི་ཚེས་ཉེར་བཞི་ཉིན། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་མེ་གསོད་མེ་འགོག་བྱ་བའི་བརྙན་རིས་གྲོས་ཚོགས་ཟི་ལིང་ནས་འཚོགས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཞིན་ཁྲང་ཞིང་གིས་ཞིང་ཆེན་ཡོངས་ཀྱི་མེ་གསོད་མེ་འགོག་བྱ་བའི་ཐད་རེ་བ་བཏོན། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྒྱུན་ལས་ཧྲིན་ཀྲང་གཞོན་པ་ལིས་ཅེ་ཞང་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད།

ཞིན་ཁྲང་ཞིང་གིས་ནན་གྱིས་བསྟན་དོན། འདས་པའི་ལོ་གཅིག་ནང་། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོ་དང་སྡེ་ཁག་སོ་སོས་བདེ་འཇགས་ཀྱི་དམར་མཚམས་བརྟན་སྲུང་བྱས་པ་དང་། བདེ་འཇགས་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་བཏང་སྟེ། ཞིང་ཆེན་ཡོངས་ཀྱི་མེ་འགོག་མེ་གསོད་བདེ་འཇགས་གནས་བབ་རྒྱུན་མཐུད་དང་གཏན་འཇགས་ངང་ཇེ་བཟང་དུ་བཏང་། རིམ་པ་སོ་སོའི་མེ་འགོག་མེ་གསོད་རོགས་སྐྱོར་རུ་ཁག་གིས་དཀྱིལ་སྙིང་ལ་དམིགས་པ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ། རིམས་ནད་འགོག་རྒོལ་བྱེད་པ་དང་ཉེན་ཁ་སེལ་བ། བཅོས་སྒྱུར་དམ་འཛིན་བྱེད་པ། གཏན་འཇགས་འགན་སྲུང་བྱེད་པ་བཅས་བྱས་ནས། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བ་དང་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་རྒྱུ་ནོར་བདེ་འཇགས་ལ་ཞབས་ཞུ་དང་འགན་སྲུང་བྱས། ལོ་གསར་བའི་ནང་། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོ་དང་སྡེ་ཁག་སོ་སོ། མེ་འགོག་མེ་གསོད་རོགས་སྐྱོར་སྡེ་ཁག་བཅས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བདེ་འཇགས་ཐོན་སྐྱེད་དང་གནོད་འགོག་གནོད་སྐྱོབ་སྐོར་གྱི་རྣམ་བཤད་གལ་ཆེན་ལག་བསྟར་ནན་མོ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཀའ་ཚིག་གི་དགོངས་དོན་ལག་བསྟར་ཟབ་མོ་བྱེད་པ། མི་དམངས་དང་ཚེ་སྲོག་གཙོར་འཛིན་པ་རྒྱུན་འཁྱོངས་བྱེད་པ། བདེ་འཇགས་ཀྱི་ཉེན་ཁ་ཆེན་པོ་བཀག་འགོག་བྱེད་པ་དང་རིགས་མི་འདྲ་བའི་གནོད་འཚེ་ཆག་སྒོ་ཐག་གཅོད་བྱེད་པའི་འགན་འཁྲི་ཕྲག་ཏུ་བླངས་ནས། ལོ་ལྔའི་འཆར་འགོད་བཅུ་བཞི་པའི་མགོ་བཟང་བོ་རྩོམ་པའི་ཐད་མེ་འགོག་མེ་གསོད་ཀྱི་བདེ་འཇགས་འགན་སྲུང་འདོན་སྤྲོད་བྱེད་དགོས་ཟེར།

ལིས་ཅེ་ཞང་གིས་གཏམ་བཤད་ཁྲོད་འདས་པའི་ལོ་གཅིག་ནང་ཞིང་ཆེན་ཡོངས་ཀྱི་མེ་འགོག་མེ་གསོད་བྱ་བའི་ཐད་ནས་བླངས་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས། ཁོས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་ལ་བློ་དཀར་བ་དང་སྒྲིག་ལམ་དམ་དུ་སྲུང་བ། མི་དམངས་ལ་ཞབས་འདེགས་ཞུ་བའི་བླང་བྱ་གལ་ཆེན་ཡིད་ལ་དམ་པོར་འཛིན་པ་དང་། མི་དམངས་དང་ཚེ་སྲོག་གཙོར་འཛིན་པའི་འདུ་ཤེས་བརྟན་པོ་འཛུགས་པ། རིམ་པ་སོ་སོའི་མེ་འགོག་མེ་གསོད་བྱ་བའི་འགན་འཁྲི་གཏན་ཁེལ་གསལ་བོ་བྱེད་པ། འགོག་སྡོམ་དོ་དམ་བྱེད་ཐབས་སྣ་ཚོགས་ཁྱོན་ཡོངས་ནས་ལག་བསྟར་བྱས་ཏེ། སྤྱི་ཚོགས་འཆམ་མཐུན་གཏན་འཇགས་དང་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་རྒྱུ་ནོར་བདེ་འཇགས་ལ་ཁག་ཐེག་བྱེད་དགོས་། རྨང་གཞི་ཇེ་བརྟན་དུ་གཏོང་བ་དང་། མེ་འགོག་མེ་གསོད་ཀྱི་འཆར་འགོད་ཇུས་གཞི་ལ་ཤུགས་སྣོན་པ། མེ་འགོག་མེ་གསོད་ཐད་གྲོན་དངུལ་གཏོང་ཚད་ཇེ་ཆེར་གཏོང་བ། མེ་འགོག་མེ་གསོད་ཀྱི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་སྤེལ་བ། བདེ་འཇགས་འགན་སྲུང་ནུས་པ་ཇེ་དྲག་ཏུ་བཏང་སྟེ། མེ་འགོག་མེ་གསོད་བདེ་འཇགས་ཀྱི་བཅོས་སྐྱོང་ཆུ་ཚད་མཐོར་འདེགས་གཏོང་དགོས། མེ་འགོག་མེ་གསོད་དཔུང་སྡེའི་འཛུགས་སྐྲུན་ཚད་ལྡན་ཅན་དང་ཆེད་ལས་ཅན། ལས་རིགས་ཅན་གྱི་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་། སློབ་གསོ་དང་དོ་དམ་ནན་མོ་བྱེད་པ་དང་རེ་བ་ནན་མོ་བཏོན་ནས། ནུས་པ་བཟང་བའི་དཔུང་སྡེ་ཞིག་འཛུགས་སྐྲུན་བྱེད་དགོས། མེ་འགོག་མེ་གསོད་བདེ་འཇགས་ཆེད་དོན་བཅོས་སྐྱོང་གི་ལོ་གསུམ་འགུལ་སྐྱོད་སྤེལ་བ་དང་། མེ་འགོག་མེ་གསོད་བདེ་འཇགས་ཀྱི་ཉམས་ཞན་དུས་རིམ་ལ་ཁྱོན་ཡོངས་ནས་དབྱེ་ཞིབ་བྱེད་པ་དང་འཚོལ་ཞིབ་བྱེད་པ། ཚན་རིག་དང་མཐུན་པའི་སྒོ་ནས་ཉེན་ཁ་ཆེན་པོ་བཀག་འགོག་བྱས་ཏེ། དོན་རྐྱེན་ཆེན་པོ་འབྱུང་བར་མཐའ་གཅིག་ཏུ་བཀག་འགོག་བྱེད་དགོས་ཟེར།

ལོ་ཙཱ་བ། རིན་ཆེན་མཚོ།