ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་གྲོས་ཚོགས་བསྡུས། 
2021.02.27 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 17

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་ཚེས་ཉེར་དྲུག་ཉིན་གྲོས་ཚོགས་བསྡུས་ཏེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་བར་ཞིབ་བཤེར་བྱེད་དུ་སྤྲོད་རྩིས་ཡོད་པའི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔའི་འཆར་འགོད་བཅུ་བཞི་བ་དང་ཉིས་སྟོང་སོ་ལྔ་ལོའི་བར་གྱི་རྒྱང་རིང་དམིགས་འབེན་རྩ་གནད་འཆར་ཟིན་མ་ཡིག  གྲོས་ཞིབ་བྱེད་པའི་སྲིད་གཞུང་བྱ་བའི་སྙན་ཞུའི་མ་ཡིག་བཅས་ལ་གྲོས་བསྡུར་བྱས་པ་དང་། ཀྲུང་གོ་གུང་ཁྲན་ཏང་ཏང་གི་མཐོ་རིམ་སློབ་གྲྭ་དཀྱུས་མའི་གཞི་རིམ་རྩ་འཛུགས་བྱ་བའི་སྲོལ་ཡིག་ལ་གྲོས་ཞིབ་བྱས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གྲོས་ཚོགས་ལ་མགོ་འཛིན་མཛད། 

གྲོས་ཚོགས་ནས་བསྟན་དོན། ལོ་ལྔའི་འཆར་འགོད་བཅུ་གསུམ་པའི་སྐབས་སུ་རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་ནས་ཀུན་གྱི་ཡིད་སེམས་འགུལ་བའི་གྲུབ་འབྲས་བླངས་ཡོད། རྙོག་འཛིང་ཆེ་བའི་རྒྱལ་སྤྱིའི་གནས་བབ་དང་དཀའ་ཚེགས་ཆེ་བའི་རྒྱལ་ནང་གི་བཅོས་བསྒྱུར་འཕེལ་རྒྱས་གཏན་འཇགས་ལས་འགན་དང་། ཁྱད་པར་དུ་པྲོག་གསར་གློ་ཚད་རིམས་ནད་ཀྱི་ཤུགས་རྐྱེན་ཚབས་ཆེན་གྱི་མདུནནས། ང་ཚོས་ཏང་གི་ཐོག་མའི་སེམས་འདུན་མི་བརྗེད་པ་དང་འགན་འཁྲི་ཡིད་ལ་དམ་པོར་བཅངས་པ། ཏང་ཡོངས་དང་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་བར་མཐུན་སྒྲིལ་མགོ་ཁྲིད་བྱས་ཏེ་ཁག་སེལ་མདུན་བསྐྱོད་དང་གསར་འབྱེད་གསར་གཏོད། དཀའ་སྤྱད་འབད་བརྩོན་གྱིས་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་སྣ་ཚོགས་ལ་སྐུལ་འདེད་བཏང་། ལོ་ལྔའི་འབད་འཐབ་བརྒྱུད་དེ་ལོ་ལྔའི་འཆར་འགོད་བཅུ་གསུམ་པའི་དམིགས་འབེན་ལས་འགན་གཙོ་བོ་བདེ་བླག་ངང་ཡོངས་འགྲུབ་བྱས་པ་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པར་རླབས་ཆེ་བའི་ལོ་རྒྱུས་རང་བཞིན་ལྡན་པའི་གྲུབ་འབྲས་ཐོབ་ཡོད་ལ། དབུལ་ཐར་མཁྲེགས་གཏོར་ལ་རྒྱལ་ཁ་ཆེན་པོ་ཐོབ་ཡོད། དཔལ་འབྱོར་འཁོར་རྒྱུག་གི་སྤྱིའི་རྣམ་པ་གཏན་འཇགས་ཡིན་ལ། དཔལ་འབྱོར་གྲུབ་ཚུལ་བསྟུད་མར་ལེགས་བསྒྱུར་བྱས། སྐྱེ་ཁམས་ཁོར་ཡུག་ལ་མངོན་གསལ་གྱིས་ལེགས་བཅོས་ཐོབ་ཡོད་པ་དང་། ཕྱི་ཕྱོགས་སྒོ་འབྱེད་མུ་མཐུད་དུ་རྒྱ་བསྐྱེད། མི་དམངས་ཀྱི་འཚོ་བའི་ཆུ་ཚད་མངོན་གསལ་གྱིས་ཇེ་མཐོར་སོང་ཡོད་པར་མ་ཟད། རང་རྒྱལ་གྱི་དཔལ་འབྱོར་སྟོབས་ཤུགས་དང་ཚན་རྩལ་སྟོབས་ཤུགས། ཕྱོགས་བསྡུས་རྒྱལ་ཤུགས་བཅས་སྐས་རིམ་གསར་བ་ཞིག་ཏུ་བསླེབ་ཡོད་པ་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ལ་གྲུབ་འབྲས་ཆེན་པོ་ཐོབ་ཡོད། དེ་ལས་ཀྲུང་གོའི་གུང་ཁྲན་ཏང་གི་མགོ་ཁྲིད་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ཁྱད་སྟོབས་མངོན་པར་མཚོན་ཡོད་ལ། ཏང་ཡོངས་དང་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ཀྱིས་ཡང་འབད་བསྐྱར་འབད་བྱེད་པར་སྐུལ་མ་བཏང་སྟེ། བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པར་མུ་མཐུད་དུ་བློ་སྤོབས་ཆེན་པོས་མདུན་བསྐྱོད་བྱེད་དགོས། 

གྲོས་ཚོགས་ནས་ནན་གྱིས་བསྟན་དོན། ལོ་ལྔའི་འཆར་འགོད་བཅུ་བཞི་བའི་སྐབས་སུ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་ཤིང་། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བ་དང་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ། གསུམ་པ། བཞི་བ། ལྔ་བ་བཅས་ཀྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་དགོས་ལ། མར་ལེ་རིང་ལུགས་དང་མའོ་ཙེ་ཏུང་གི་དགོངས་པ། ཏུན་ཞའོ་ཕེན་གྱི་གཞུང་ལུགས། མཚོན་བྱེད་གསུམ་གྱི་དགོངས་པ་གལ་ཆེན། ཚན་རིག་གི་འཕེལ་རྒྱས་ལྟ་བ། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་བཅས་མཛུབ་སྟོན་དུ་བྱེད་པ་རྒྱུན་འཁྱོངས་བྱེད་པ་དང་། ཕྱོགས་ཡོངས་ནས་ཏང་གི་གཞི་རྩའི་གཞུང་ལུགས་དང་གཞི་རྩའི་ལམ་ཐིག གཞི་རྩའི་ཐབས་ཇུས་བཅས་ལག་ལེན་མཐར་ཕྱིན་བྱེད་པ། དཔལ་འབྱོར་འཛུགས་སྐྲུན་དང་ཆབ་སྲིད་འཛུགས་སྐྲུན། རིག་གནས་འཛུགས་སྐྲུན། སྤྱི་ཚོགས་འཛུགས་སྐྲུན། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བཅས་ཀྱི་སྤྱིའི་བཀོད་སྒྲིག་ལ་གཅིག་གྱུར་བཀོད་འདོམ་བྱེད་དགོས་ལ། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པ་དང་ཕྱོགས་ཡོངས་ནས་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་བ། ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ། ཕྱོགས་ཡོངས་ནས་ཏང་སྐྱོང་བྱེད་པ་བཅས་ཀྱི་འཐབ་ཇུས་བཀོད་སྒྲིག་ལ་མཐུན་སྦྱོར་དང་། བློ་བརྟན་འགྱུར་མེད་ཀྱིས་གསར་གཏོད་དང་མཐུན་སྦྱོར། ལྷད་མེད། སྒོ་འབྱེད། མཉམ་སྤྱོད་བཅས་ཀྱི་འཕེལ་རྒྱས་འདུ་ཤེས་གསར་བ་ལག་ལེན་བྱེད་དགོས་པར་མ་ཟད་གཏན་འཇགས་ཁྲོད་ནས་ཡར་ཐོན་བརྩོན་པའི་བྱ་བའི་སྤྱིའི་རྣམ་པ་རྒྱུན་འཁྱོངས་སྒོས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་སྙིང་བོར་བྱེད་པ་དང་། མཁོ་འདོན་གྱི་གྲུབ་ཚུལ་རང་བཞིན་ལ་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་བ་གཙོར་འཛིན་པ། བཅོས་བསྒྱུར་གསར་གཏོད་དེ་གཞི་རྩའི་སྒུལ་ཤུགས་སུ་བྱེད་པ། མི་དམངས་ཀྱི་ཉིན་རེ་བཞིན་ཇེ་ཆེར་འགྲོ་བཞིན་པའི་མཛེས་སྡུག་འཚོ་བའི་དགོས་མཁོ་བསྐང་བ་དེ་གཞི་རྩའི་དམིགས་འབེན་དུ་བྱེད་པ། རྒྱལ་ནང་གི་འཁོར་སྐྱོད་ཆེན་མོ་གཙོ་བྱེད་པ་དང་རྒྱལ་ནང་དང་རྒྱལ་སྤྱིའི་འཁོར་སྐྱོད་ཀྱིས་ཕན་ཚུན་སྐུལ་འདེད་གཏོང་བའི་འཕེལ་རྒྱས་རྣམ་པ་གསར་བ་འཛུགས་སྐྲུན་བྱས་ཏེ། རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པའི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བ་དང་། དཔལ་འབྱོར་གཏན་འཇགས་ངང་འཕེལ་རྒྱས་སུ་འགྲོ་བ་དང་སྤྱི་ཚོགས་བདེ་འཇགས་འཆམ་མཐུན་ཡོང་བ་མངོན་འགྱུར་བྱས་ནས། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པར་མགོ་བཟང་བོ་རྩོམ་དགོས། 

གྲོས་ཚོགས་ནས་ལོ་ལྔའི་འཆར་འགོད་བཅུ་བཞི་བའི་རྩ་གནད་འཆར་ཟིན་དེ་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་བར་གྲོས་ཞིབ་བྱེད་པར་སྤྲོད་པ་དང་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་བ་ནས་གྲོས་བསྡུར་བྱེད་པའི་བརྒྱུད་རིམ་ཁྲོད། དམངས་གཙོ་དར་སྤེལ་གང་ལེགས་བྱེད་པ་དང་བློ་གྲོས་རྒྱ་ཆེར་གཅིག་བསྡུ་བྱས་ནས། ཟོལ་མེད་ཀྱིས་རྩ་གནད་འཆར་འགོད་གཏན་འབེབས་བཟང་བོ་བྱས་ཏེ་སྔར་ལས་ལྷག་པའི་སྒོ་ནས་རྩ་གནད་འཆར་འགོད་ལག་བསྟར་བྱེད་པར་རྨང་གཞི་བརྟན་པོ་འདིང་དགོས་པའི་རེ་བ་བཏོན། 

གྲོས་ཚོགས་ནས་རིམ་པ་སོ་སོའི་ཏང་ཨུ་ཡིས་འགན་འཁྲི་གཙོ་བོ་ལག་བསྟར་བྱེད་པ་དང་། མཐོ་རིམ་སློབ་གྲྭའི་ཏང་འཛུགས་བྱ་བའི་འདྲིལ་ཤུགས་ཆེན་མོ་ཆགས་པར་རྒྱབ་སྐྱོར་དང་སྐུལ་འདེད་གཏོང་དགོས་ལ། སྤུས་ཚད་མཐོ་བའི་མཐོ་རིམ་སློབ་གྲྭའི་ཏང་འཛུགས་བྱ་བའི་མ་ལག་འཛུགས་པ་དང་། མཐོ་རིམ་སློབ་གྲྭའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ཟོལ་མེད་ཀྱིས་ཀུན་སྤྱོད་དང་རིག་པ། ལུས་རྩལ། མཛེས་རྩལ་བཅས་ཕྱོགས་ཡོངས་འཕེལ་རྒྱས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་མཁན་དང་རྒྱུད་འཛིན་པ་སྐྱེད་སྲིང་བྱེད་པའི་འགན་འཁྲི་དངོས་འབེབ་གང་ལེགས་བྱེད་དགོས་པའི་རེ་བ་བཏོན། 


ལོ་ཙཱ་བ། བསོད་ནམས་ཚེ་རིང་།