མཚོ་སྔོན་འཐུས་ཚབ་ཚོགས་པས་འཆར་གཞིའི་སྙན་ཞུ་དང་འཆར་ཟིན། སྔོན་རྩིས་སྙན་ཞུ་དང་འཆར་ཟིན་ལ་ཞིབ་བཤེར་བྱས།
2021.03.08 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 12

ཟླ་གསུམ་པའི་ཚེས་བདུན་ཉིན་གྱི་སྔ་དྲོ། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་པར་ཞུགས་པའི་མཚོ་སྔོན་འཐུས་ཚབ་ཚོགས་པས་ཚང་འཛོམས་གྲོས་ཚོགས་བསྡུས་ཏེ། འཆར་གཞིའི་སྙན་ཞུ་དང་འཆར་ཟིན། སྔོན་རྩིས་སྙན་ཞུ་དང་འཆར་ཟིན་ལ་ཞིབ་བཤེར་བྱས། ཝང་ཅན་ཅུན་དང་ཞིན་ཁྲང་ཞིང་། ཀྲང་ཀོང་རུང་། ཐིན་ཅཱ་ཚའེ། ལིའུ་ཁྲའོ། ཀྲང་ཞའོ་རུང་སོགས་ཀྱིས་སྔ་གཞུག་ཏུ་གཏམ་བཤད། རྒྱལ་ཁབ་འཕེལ་རྒྱས་དང་བཅོས་སྒྱུར་བྱ་བའི་ཨུ་ཡོན་ལྷན་ཁང་དང་ནོར་སྲིད་པུའུ། ཕྱི་འབྲེལ་པུའུ་བཅས་ཀྱི་འབྲེལ་ཡོད་འགན་ཁུར་བློ་མཐུན་གྱིས་དྲ་ལམ་བརྙན་རིས་བརྒྱུད་དེ་བསམ་འཆར་ལ་ཉན།

ཝང་ཅན་ཅུན་གྱིས་བཤད་རྒྱུར། ལོ་ལྔའི་འཆར་འགོད་བཅུ་བཞི་པ་དང་ཉིས་སྟོང་སོ་ལྔ་ལོའི་རྒྱང་རིང་དམིགས་འབེན་གྱི་རྩ་གནད་འཆར་ཟིན་དང་འཆར་གཞི། སྔོན་རྩིས་སྙན་ཞུ་དང་འཆར་ཟིན་བཅས་ཀྱིས་ཁྱོན་ཡོངས་ནས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འཐབ་ཇུས་འཆར་འགོད་དང་ཇུས་ཆོད་བཀོད་སྒྲིག་དངོས་འབེབས་མཐར་ཕྱིན་བྱས་ཡོད་ཅིང་། དེ་དག་ཚང་མ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སྔར་ལས་གཏིང་ཟབ་ཏུ་བཏང་བ་ཞིག་དང་། ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པ། བཞི་པ། ལྔ་པ་བཅས་ཀྱི་དགོངས་དོན་ལ་སྔར་ལས་སྐུལ་འདེད་བཏང་བ་ཞིག་ཡིན་པར་མ་ཟད། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཆབ་སྲིད་དཔལ་འབྱོར་རིག་པ་བཀོལ་བ་ལས་བྱུང་བའི་ཕན་འབྲས་གལ་ཆེན་ཞིག་ཡིན་པར་བརྟེན། འཕེལ་རྒྱས་ཀྱི་དུས་རིམ་གསར་པར་གོ་བ་མ་ནོར་བ་ལེན་པ་དང་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་མཐར་ཕྱིན་བྱེད་པ། འཕེལ་རྒྱས་སུ་གཏོང་སྟངས་གསར་པ་མགྱོགས་མྱུར་སྒོས་བསྐྲུན་པ་བཅས་ཀྱི་བླང་བྱ་མངོན་པར་མཚོན་ཡོད་པ་ལས་གཞན། སྲོག་ཤིང་དམ་པོར་བཟུང་བ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ། རྒྱང་རིང་ལ་དམིགས་པ། མིག་སྔའི་གནས་བབ་ནས་རྐང་ཚུགས་པ། དཔལ་འབྱོར་དང་སྤྱི་ཚོགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ལག་ལེན་ཁ་ཕྱོགས་ཡིན་པས། ང་རང་ངོས་ནས་རྩ་གནད་འཆར་ཟིན་དང་འཆར་གཞི། སྔོན་རྩིས་སྙན་ཞུ་དང་འཆར་ཟིན་བཅས་ལ་མོས་མཐུན་ཡོད་ཟེར།

ཞིན་ཁྲང་ཞིང་གིས་བཤད་རྒྱུར། འཆར་གཞི་དང་སྔོན་རྩིས་སྙན་ཞུ། འཆར་ཟིན་བཅས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་ཁྲིད་སྟོན་དུ་བཟུང་ནས། སྲིད་གཞུང་བྱ་བའི་སྙན་ཞུར་སྦྲེལ་མཐུད་དམ་ཟབ་བྱས་པ་དང་། གཞི་གྲངས་བཀོལ་ནས་སྐད་ཆ་བཤད་པ་དང་དོན་དངོས་ཀྱིས་གནས་ལུགས་ལ་བདེན་དཔང་བྱེད་པ། ལངས་ཕྱོགས་མཐོ་ལ་འབབ་གནས་གསལ་བ། བྱེད་ཕྱོགས་ཁུངས་ཐུབ་བཅས་ཡིན་པས། ང་རང་ངོས་ནས་མོས་མཐུན་ཡོད་། འདས་པའི་ལོ་གཅིག་གི་རིང་ལ། རྒྱལ་ཁབ་འཕེལ་རྒྱས་དང་བཅོས་སྒྱུར་བྱ་བའི་ཨུ་ཡོན་ལྷན་ཁང་དང་ནོར་སྲིད་པུའུ་ཡིས་རིམས་ནད་འགོག་སྡོམ་དང་དཔལ་འབྱོར་བརྟན་འཇགས་ངང་འཁོར་སྐྱོད། བཅོས་སྒྱུར་གཏིང་ཟབ། དམངས་ཕན་སོགས་ཀྱི་ཐད་བསྒྲུབས་པའི་ལས་དོན་མིག་མཐོང་ལག་ཟིན་ཡིན་པས། ལོ་ཧྲིལ་བོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་འབེན་འོས་འགན་ཡོངས་འགྲུབ་ཐད་བྱས་རྗེས་གང་ལེགས་བཞག་ཡོད། ད་ལོ་འཆར་གཞི་དང་ནོར་སྲིད་སྙན་ཞུ་དང་འཆར་ཟིན་བཅས་ཀྱི་ཐད་སྲིད་ཇུས་ཀྱི་བྱེད་ཕྱོགས་རིན་ཐང་བྲལ་བ་བཏོན་ནས། མཚོ་སྔོན་གྱིས་མུ་མཐུད་དུ་སྐྱེ་ཁམས་སྲུང་སྐྱོབ་ལ་ཤུགས་སྣོན་དང་རྨང་རྐང་བརྟན་པོའི་སྒོ་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་གོ་སྐབས་ཆེན་པོ་སྤྲད། ང་ཚོས་དངོས་འབེབས་དོན་འཁྱོལ་བྱས་ཏེ། རྒྱལ་ཁབ་ཀྱིས་བཀོད་སྒྲིག་བྱས་པའི་ལས་གཞི་དང་མ་དངུལ་འཕེལ་རྒྱས་ཀྱི་སྣེ་འདོམས་དང་འདེགས་སྐྱོར་གལ་ཆེན་ཏུ་བརྩིས་ནས། ཤུགས་ཆེན་པོས་ལོ་ལྔའི་འཆར་འགོད་བཅུ་བཞི་པའི་མགོ་ཡག་པོ་རྩོམ་པ་དང་གོམ་པ་བརྟན་པོ་སྤོ་བར་སྐུལ་འདེད་གཏོང་དགོས་ཟེར།

ཀྲང་ཀོང་རུང་གིས་བཤད་རྒྱུར། འཆར་གཞི་དང་སྔོན་རྩིས་སྙན་ཞུ་དང་འཆར་ཟིན་གྱིས་སྲིད་གཞུང་བྱ་བའི་སྙན་ཞུར་ལན་བཏབ་པ་དང་སྦྲེལ་མཐུད་གང་ལེགས་བྱས་པར་མ་ཟད། དེ་ནི་ཕན་འབྲས་ལྡན་པའི་ཁ་གསབ་ཅིག་དང་ཞིབ་ཚགས་དངོས་གཉེར་ཅན་ཞིག་ཡིན་པས། ང་རང་ངོས་ནས་མོས་མཐུན་ཡོད་ཟེར།

ཐིན་ཅཱ་ཚའེ་ཡིས་བཤད་རྒྱུར། འཆར་གཞི་དང་སྔོན་རྩིས་སྙན་ཞུ་དང་འཆར་ཟིན་བཅས་ཀྱི་ལག་བསྟར་གནས་ཚུལ་གྱིས་ལོ་ལྔའི་འཆར་འགོད་བཅུ་གསུམ་པ་མཇུག་བསྡུས་པའི་གྲུབ་འབྲས་ཆེན་པོ་བསྟན་པ་དང་། སྙན་ཞུ་གཉིས་དང་འཆར་ཟིན་ནི་ལོ་ལྔའི་འཆར་འགོད་བཅུ་བཞི་པ་མགོ་ཡག་པོ་རྩོམ་པའི་འཆར་འགོད་ཡི་གེ་དང་འོས་འགན་ཡི་གེ་ཡིན་ལ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཆབ་སྲིད་དགེ་མཚན་མངོན་པར་མཚོན་ཡོད་པས། ང་རང་ངོས་ནས་མོས་མཐུན་ཡོད་ཟེར།

ཧན་ཞའོ་ཝུའུ་དང་ཁྲིན་ལིས་ཧྥུན། པད་རྒྱལ་བཀྲ་ཤིས། མིན་ཧའེ་སོགས་འཐུས་མིས་གཏམ་བཤད།

བན་དེ་སྐྱབས་ཀྱིས་བསྒྱུར།