བདེན་འཚོལ་དུས་དེབ་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་ཏེ་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་གོ་ལྔ་འགོར་བར་དགའ་སྟོན་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་སྟེང་གི་གསུང་བཤད་སྤེལ། 
2021.04.15 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 12

ཟླ་བཞི་པའི་ཚེས་བཅུ་དྲུག་ཉིན་པར་དུ་བསྐྲུན་པའི་འདོན་ཐེངས་བརྒྱད་པའི་བདེན་འཚོལ་དུས་དེབ་ཀྱིས་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་ཏེ་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་གོ་ལྔ་འགོར་བར་དགའ་སྟོན་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་སྟེང་གི་གསུང་བཤད་སྤེལ།

རྩོམ་ཡིག་ལས་ནན་གྱིས་བསྟན་དོན། ཀྲུང་གོ་ནས་གུང་ཁྲན་ཏང་བྱུང་བ་ནི་གནམ་ས་གསར་འབྱེད་ཀྱི་འགྱུར་ལྡོག་ཆེན་པོ་ཞིག་ཡིན། འགྱུར་ལྡོག་ཆེན་པོ་དེས་ཉེ་རབས་ཚུན་གྱི་ཀྲུང་ཧྭ་མི་རིགས་འཕེལ་རྒྱས་ཀྱི་ཁ་ཕྱོགས་དང་འཕེལ་རིམ་བསྒྱུར་བ་དང་། ཀྲུང་གོའི་མི་དམངས་དང་ཀྲུང་ཧྭ་མི་རིགས་ཀྱི་མདུན་ལྗོངས་དང་ལས་དབང་བསྒྱུར་ཡོད་ལ། འཛམ་གླིང་འཕེལ་རྒྱས་ཀྱི་འཕེལ་ཕྱོགས་དང་རྣམ་པའང་བཅོས་བསྒྱུར་ཟབ་མོ་བྱས་ཡོད། ང་ཚོས་ནམ་ཡིན་ཡང་ཏང་འཛུགས་སྐབས་ཀྱི་ཀྲུང་གོའི་གུང་ཁྲན་ཏང་མིའི་འབད་འཐབ་སྙིང་སྟོབས་སྲུང་འཛིན་བྱེད་དགོས་པ་དང་། དུས་ནམ་ཡིན་ཡང་མི་དམངས་ལ་བློ་ཉེ་བའི་སེམས་པ་སྲུང་འཛིན་བྱེད་དགོས་ཟེར། 

རྩོམ་ཡིག་ལས་བསྟན་དོན། རྔམ་བརྗིད་ཀྱི་ལོ་རྒྱུས་འཕེལ་རིམ་ཁྲོད་དུ། ཀྲུང་གོ་གུང་ཁྲན་ཏང་མི་དམངས་ལ་དམ་པོར་བརྟེན་ནས། འགག་སྒོ་རེ་རེ་ལས་ཐར་བ་དང་རྒྱལ་ཁ་འཕྲོ་རིམ་འཕྲོར་བླངས་ནས་ཀྲུང་ཧྭ་མི་རིགས་ཀྱི་ཆེད་དུ་ལོ་རྒྱུས་ཀྱི་བྱས་རྗེས་རླབས་ཆེན་བཞག་ཡོད་པ་དང་། ཀྲུང་གོ་རྒྱལ་ཁབ་དེ་ལོ་ངོ་སྟོང་ཕྲག་འགའི་བཀས་བཀོལ་རྒྱུན་འཛིན་སྒེར་གཅོད་ལམ་ལུགས་ཀྱི་ཆབ་སྲིད་ནས་མི་དམངས་དམངས་གཙོའི་བར་གྱི་རླབས་ཆེན་འཕུར་སྐྱོད་མངོན་འགྱུར་བྱས་ཤིང་། ཀྲུང་ཧྭ་མི་རིགས་དེ་ཉམས་རྒུད་ནས་ལས་དབང་རྩ་བ་ནས་བསྒྱུར་ཏེ་བསྟུད་མར་དར་རྒྱས་དང་འབྱོར་ཕྱུག་གི་རླབས་ཆེན་འཕུར་སྐྱོད་མངོན་འགྱུར་བྱས་པར་མ་ཟད། ཀྲུང་གོའི་མི་དམངས་ཡར་ལངས་པ་ནས་འབྱོར་ཕྱུག་དང་སྟོབས་ལྡན་དུ་གྱུར་བའི་རླབས་ཆེན་འཕུར་སྐྱོད་མངོན་འགྱུར་བྱས། ལོ་རྒྱུས་དང་མི་དམངས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ལས་དོན་ལ་མགོ་ཁྲིད་བྱེད་པར་གདམ་གསེས་བྱས་པ་ནི་ཡང་དག་པ་ཞིག་ཡིན་པས། ངེས་པར་དུ་དུས་ཡུན་རིང་བོར་རྒྱུན་འཁྱོངས་བྱེད་དགོས་པ་ལས་ནམ་ཡང་གཡོ་འགུལ་བྱེད་མི་རུང་ལ། ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་གོའི་མི་དམངས་ཀྱི་སྣེ་ཁྲིད་དེ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བགྲོད་ལམ་གསར་དུ་བཏོད་པ་ནི་ཡང་དག་པ་ཞིག་ཡིན་པས། ངེས་པར་དུ་དུས་ཡུན་རིང་བོར་རྒྱུན་འཁྱོངས་བྱེད་དགོས་པ་ལས་ནམ་ཡང་གཡོ་འགུལ་བྱེད་མི་རུང་ཞིང་། ཀྲུང་གོའི་གུང་ཁྲན་ཏང་དང་ཀྲུང་གོའི་མི་དམངས་ཀྱིས་ཀྲུང་གོའི་ས་གཞི་ཆེན་མོར་རྐང་བཙུགས་ཤིང་མིའི་རིགས་ཀྱི་དཔལ་ཡོན་ཕུལ་བྱུང་གི་གྲུབ་འབྲས་བསྡུ་ལེན་དང་། སྒེར་ཚུགས་རང་བདག་གིས་རྒྱལ་ཁབ་ཀྱི་འཕེལ་རྒྱས་མངོན་འགྱུར་བྱེད་པའི་འཐབ་ཇུས་ནི་ཡང་དག་པ་ཞིག་ཡིན་པས། ངེས་པར་དུ་དུས་ཡུན་རིང་བོར་རྒྱུན་འཁྱོངས་བྱེད་དགོས་པ་ལས་ནམ་ཡང་གཡོ་འགུལ་བྱེད་མི་རུང་ཟེར།

རྩོམ་ཡིག་ལས་ནན་གྱིས་བསྟན་དོན། ད་ལྟ་ང་ཚོ་ལོ་རྒྱུས་སྟེང་གི་དུས་སྐབས་གང་རུང་ལས་ཀྱང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་དམིགས་འབེན་མངོན་འགྱུར་བྱེད་པའི་བར་ཐག་ཉེ་བ་དང་། ལོ་རྒྱུས་སྟེང་གི་དུས་སྐབས་གང་རུང་ལས་ཀྱང་དམིགས་འབེན་དེ་མངོན་འགྱུར་བྱེད་པར་ཡིད་ཆེས་དང་ནུས་པ་ཆེས་ཆེར་ལྡན། ང་ཚོས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་ངེས་པར་དུ་མངོན་འགྱུར་བྱེད་དགོས་པ་དང་། མངོན་འགྱུར་བྱེད་ཁོ་ཐག་ཡིན་ཞེས་བརྗོད་ཆོག་ཆོག་ཡིན། 


བསོད་ནམས་ཚེ་རིང་གིས་བསྒྱུར།