ཝང་དབྱང་གིས་ཕོ་ལན་གྱི་གྲོས་ཞུགས་དཔོན་པོ་ཀི་ལའོ་ཚི་ཅི་ལ་མཇལ་འཕྲད་གནང་།
2021.04.23 ཁུངས། ཀློག་གྲངས། 57

ཟླ་བཞི་བའི་ཚེས་ཉེར་གཉིས་ཉིན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་པེ་ཅིང་ནས་བརྙན་རིས་ཀྱི་རྣམ་པར་བརྟེན་ནས་ཕོ་ལན་གྱི་གྲོས་ཞུགས་དཔོན་པོ་ཀི་ལའོ་ཚི་ཅི་ལ་མཇལ་འཕྲད་གནང་།

རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་ཚེས་ཉེར་གཉིས་ཉིན་པེ་ཅིང་ནས་བརྙན་རིས་ཀྱི་རྣམ་པར་བརྟེན་ནས་ཕོ་ལན་གྱི་གྲོས་ཞུགས་དཔོན་པོ་ཀི་ལའོ་ཚི་ཅི་ལ་མཇལ་འཕྲད་གནང་།

ཝང་དབྱང་གིས་གསུང་རྒྱུར། ད་ལོའི་ཟླ་གཉིས་པར་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་ནས་བརྙན་རིས་ཀྱི་རྣམ་པར་བརྟེན་ནས་ཀྲུང་གོ་དང་ཡོ་རོབ་གླིང་དབུས་ཤར་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་འགོ་གཙོའི་གྲོས་ཚོགས་བསྡུས་པར་མ་ཟད་བརྗོད་དོན་གཏམ་བཤད་གནང་བ་དང་། ཙུང་ཐུང་ཏུའུ་ཏ་དང་ཡོ་རོབ་གླིང་དབུས་ཤར་རྒྱལ་ཁབ་ཀྱི་ཚོགས་ཞུགས་འགོ་ཁྲིད་པ་དང་མཉམ་དུ་འཕེལ་རྒྱས་མཉམ་ལས་ཇུས་ཆེན་ལ་མཉམ་དུ་གྲོས་མོལ་བྱས་ཏེ། གནས་བབ་གསར་བའི་འོག་ཏུ་མཉམ་ལས་ཇེ་དྲག་ཏུ་གཏོང་བར་ཐུན་མོང་གི་ལྟ་ཚུལ་གསར་བ་གཅིག་སྒྲིལ་དང་སྒུལ་ཤུགས་གསར་བ་འདོན་སྤྲོད་བྱས། ཀྲུང་གོ་ཕྱོགས་ཀྱིས་དུས་དང་རྣམ་པ་ཀུན་ཏུ་ཀྲུང་གོ་དང་ཕོ་ལན་གཉིས་ཀྱི་འབྲེལ་བར་མཐོང་ཆེན་ཚད་མཐོན་པོ་བྱེད་བཞིན་ཡོད་པ་དང་། ཡོ་རོབ་གླིང་བར་མཉམ་ལས་བྱེད་པ་དེ་ཆེས་ལེགས་པའི་ཁ་ཕྱོགས་གཙོ་བོར་བརྩི་བཞིན་ཡོད། ང་ཚོས་རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་པས་ཀྲུང་གོ་དང་ཕོ་ལན་གྱི་འབྲེལ་བ་དང་རིམས་འགོག་མཉམ་ལས་སོགས་ཀྱི་གནད་དོན་ཐད་ནས་གཅིག་མཐུན་བྱུང་བའི་ཐུན་མོང་གི་ལྟ་ཚུལ་གལ་ཆེན་དང་འཐབ་ཇུས་སྣེ་སྟོན་ནན་ཏན་གྱིས་ལག་བསྟར་བཟང་བོ་བྱས་ཏེ། མཛའ་མཐུན་འགྲོ་འོང་ལ་ཤུགས་སྣོན་པ་དང་བརྗེ་རེས་དཔེ་ལྟ་གཏིང་ཟབ་ཏུ་བཏང་ནས་ཐུན་མོང་གི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། ཀྲུང་གོའི་རྒྱལ་ཡོངས་སྲིད་གྲོས་ཀྱིས་ཕོ་ལན་གྲོས་ཞུགས་ཁང་དང་ཕོ་ལན་སྤྱི་ཚོགས་ཀྱི་ལས་རིགས་སོ་སོའི་བར་གྱི་འགྲོ་འོང་བརྗེ་རེས་ལ་ཤུགས་བསྣན་ཏེ། ཀྲུང་གོ་དང་ཕོ་ལན་གྱི་ཁྱོན་ཡོངས་ཀྱི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བ་སྔར་ལས་མཐོ་བའི་སྒོ་ནས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད་ཟེར།

ཀི་ལའོ་ཚི་ཅི་ཡིས་བསྟན་དོན། ཀྲུང་གོའི་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ཏེ། ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་མུ་མཐུད་དུ་གཏིང་ཟབ་ཏུ་བཏང་ནས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་ཐད་ནས་འཕེལ་རིམ་གསར་བ་འབྱུང་བར་སྐུལ་འདེད་གཏོང་འདོད་ཡོད། ཕོ་ལན་ཕྱོགས་ཀྱིས་ཡོ་རོབ་གླིང་དབུས་ཤར་རྒྱལ་ཁབ་དང་ཀྲུང་གོའི་བར་གྱི་མཉམ་ལས་བདེ་ཐང་གཏན་འཇགས་ངང་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་བ་དང་ཡོ་རོབ་གླིང་དང་ཀྲུང་གོའི་འབྲེལ་བར་སྔར་ལས་ཤུགས་སྣོན་པར་ནུས་པ་གང་ལེགས་འདོན་འདོད་ཡོད་ཟེར།

ལི་པིན་དང་ཀྲིན་ཅན་པང་གཉིས་མཇལ་འཕྲད་ལ་ཞུགས།

དཔའ་བརྟན་རྒྱལ་གྱིས་བསྒྱུར།