ཞིན་ཁྲང་ཞིང་གིས་མཚོ་ལྷོ་ཁུལ་གྱི་བྱ་བར་རྟོག་ཞིབ་བྱས།
2021.04.23 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 26

ཟླ་བཞི་པའི་ཚེས་ཉེར་གཅིག་ཉིན་ནས་ཚེས་ཉེར་གཉིས་ཉིན་བར། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཞིན་ཁྲང་ཞིང་གིས་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་དུ་རྟོག་ཞིབ་བྱེད་སྐབས་ནན་གྱིས་བསྟན་དོན། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ཁྲོད་བདག་གིས་མང་ཚོགས་ལ་དོན་དངོས་བསྒྲུབ་ཅེས་པའི་ལག་ལེན་བྱ་འགུལ་གཏིང་ཟབ་ཏུ་སྤེལ་ནས། རིགས་སོ་སོའི་མང་ཚོགས་ལ་དོན་བཟང་བསྒྲུབ་པ་དང་དོན་དངོས་བསྒྲུབ་པ། དཀའ་ཁག་སེལ་བ་དང་། གསར་གཏོད་རང་བཞིན་ལྡན་པའི་སྒོ་ནས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུ། ཞིང་ཆེན་སྲིད་གཞུང་གི་བྱ་བའི་བླང་བྱ་ལག་བསྟར་ནན་མོ་བྱེད་དགོས། གཞི་རིམ་ནི་སྤྱི་ཚོགས་བཅོས་སྐྱོང་གི་རྨང་གཞི་དང་གཙ་གནད་ཡིན་ཟེར།

ཀོས་ནན་རྫོང་མགོ་མང་གྲོང་རྡལ་སྟབས་བདེ་ཕྱོགས་བསྡུས་ཞབས་ཞུ་ལྟེ་གནས་དང་ཐུན་ཏེ་རྫོང་འགལ་རྩོད་ཕྱོགས་བསྡུས་འདུམ་སྒྲིག་ཞབས་ཞུ་ལྟེ་གནས་སུ། ཞིན་ཁྲང་ཞིང་གིས་ལྟེ་གནས་འཁོར་སྐྱོད་ཀྱི་གནས་ཚུལ་ལ་རྒྱུས་ལོན་གསལ་བོ་བྱས་པ་མ་ཟད། མགོ་མང་གྲོང་རྡལ་མགོ་མང་སྡེ་བའི་ཧྲུའུ་ཅི་དང་པོ་དང་བརྙན་རིས་འབྲེལ་འདྲིས་བྱས་ནས། ལྟེ་གནས་ཀྱིས་མང་ཚོགས་ཀྱི་དཀའ་གནད་ཐག་གཅོད་པ་དང་། འཕྲིན་བཅར་དང་ཞུ་གཏུག་བྱེད་མཚམས་འཇོག་པའི་ཚད་བརྒྱ་ཆའི་བརྒྱ་ལ་སླེབས་པའི་བྱེད་ཐབས་ལ་ཁས་ལེན་གང་ལེགས་བྱས། ཁོས་ནན་གྱིས་བསྟན་དོན། མཚོ་སྔོན་གྱི་ས་རྒྱ་ཆེ་ཞིང་མི་ཉུང་བས། ཆ་འཕྲིན་ལག་རྩལ་བྱེད་ཐབས་ལ་རྒྱབ་རྟེན་ནས་བྱ་བ་སྤེལ་བ་དང་། ལས་བྱེད་པ་མི་སྣ་ལ་གསོ་སྦྱོང་བྱས་ནས་ལས་རྐང་གཅིག་ལ་འགན་འཁྲི་མང་བ་དང་ལས་རྐང་གཅིག་ལ་ནུས་པ་མང་པར་བྱེད་པར་སྣེ་ཁྲིད་བྱས་ཏེ། ལས་སྒོ་བསྒྲུབ་པའི་ནུས་པ་ལས་ཆོད་དང་ཞབས་ཞུ་ཆུ་ཚད་རྒྱུན་མ་ཆད་པར་མཐོར་འདེགས་གཏོང་དགོས། གཞི་རིམ་བཅོས་སྐྱོང་གི་འགོག་ཐིག་དང་པོའི་ནུས་པ་འདོན་སྤེལ་བྱེད་པ་དང་། འཕྲིན་བཅར་བྱ་བ་དང་འགལ་རྩོད་ཐག་གཅོད་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ། གནད་དོན་གཞི་རིམ་ནས་ཐག་གཅོད་པ་དང་འགལ་རྩོད་གཞི་རིམ་ནས་ཐག་བཅད་དེ། མཉམ་འཛུགས་མཉམ་བཅོས་དང་མཉམ་སྤྱོད་ཀྱི་གཞི་རིམ་སྤྱི་ཚོགས་བཅོས་སྐྱོང་གི་རྣམ་པ་གསར་བ་འཛུགས་སྐྲུན་བྱེད་དགོས་ཟེར།

ཀོས་ནན་རྫོང་མུ་གེ་ཐང་བྱེ་འགོག་བྱེ་བཅོས་བཟོ་སྐྲུན་དང་། ཐུན་ཏེ་རྫོང་གི་གཞུང་ལམ་དང་ཆུ་རྐ་བཅོས་སྐྱོང་། ཆུའི་བཙོག་བཟོ་འགོག་བཅོས་སོགས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་གནས་ཚུལ་ལ་རྟོག་ཞིབ་བྱེད་སྐབས་ཞིན་ཁྲང་ཞིང་གིས་ནན་གྱིས་བསྟན་དོན། སྐྱེ་ཁམས་དང་ལོ་རྒྱུས། རིག་གནས་སོགས་ཕྱོགས་མང་པོ་ནས་བསམ་གཞིགས་བཏང་སྟེ། རྨ་ཆུའི་མཚོ་སྔོན་བཞུར་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་གཏོང་བའི་འཆར་འགོད་ལག་བསྟར་བྱེད་དགོས། ས་དེའི་གནས་ཚུལ་དངོས་ལ་ཟུང་འབྲེལ་བྱས་ནས། ས་དེར་འཚམ་པའི་སྡོང་ཕྲུག་འདེམ་པ་དང་། ལག་རྩལ་ཀྱི་མཛུབ་ཁྲིད་ལ་ཤུགས་སྣོན་པ། སྡོང་བོའི་གསོན་ཚད་རྒྱུན་མ་ཆད་པར་མཐོར་འདེགས་བཏང་སྟེ། བྱེ་ཁུལ་བཅོས་སྐྱོང་གི་འཁོར་རྒྱུག་བཟང་བོའི་མ་དཔེ་གྲུབ་པར་བྱེད་དགོས། མཁར་གྲོང་ཁུལ་ཁོངས་མཐུན་སྦྱོར་འཕེལ་རྒྱས་སུ་གཏོང་བ་དང་། མཁར་གྲོང་སྡོད་དམངས་ཀྱི་ཐོན་སྐྱེད་འཚོ་བའི་ཆ་རྐྱེན་ལེགས་བསྒྱུར་བྱེད་པ། གྲོང་གསེབ་ཀྱི་ཕྱོགས་བསྡུས་འདེགས་སྐྱོར་ནུས་པ་མཐོར་འདེགས་བཏང་ནས། རིགས་སོ་སོའི་མང་ཚོགས་ཀྱི་ཐོབ་ཚོར་དང་བདེ་སྣང་། སྐྱིད་སྣང་ཇེ་དྲག་ཏུ་གཏོང་དགོས་ཟེར།

ཀོས་ནན་རྫོང་མང་ཆུ་གྲོང་རྡལ་ཤྭ་རྭ་སྡེ་བ་དང་ཀོས་ནན་རྫོང་བོད་ལུག་གསོ་སྤེལ་ལྟེ་གནས། ཐུན་ཏེ་རྫོང་འབའ་ལུང་བ་ཞང་འབའ་མདོ་སྡེ་བ། ཞིན་ཧེ་རྫོང་གེ་སར་ཚོང་ལས་སྲང་ལམ། ཞིན་ཧེ་རྫོང་ཨ་མདོ་དམངས་སྲོལ་རིག་གནས་སྡེ་བ་བཅས་སུ་སྡེ་བའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བ་དང་གྲོང་གསེབ་དར་སྤེལ་བྱ་བར་རྟོག་ཞིབ་བྱེད་སྐབས། ཞིན་ཁྲང་ཞིང་གིས་མང་ཚོགས་དང་བརྗེ་རེས་བྱས་པ་དང་གནས་ཚུལ་ལ་རྒྱུས་ལོན་བྱས། ཁོས་བསྟན་དོན། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་གྲོང་གསེབ་དར་སྤེལ་གཉིས་སྦྲེལ་མཐུད་བཟང་བོ་བྱེད་པ་དང་། མི་ཕུད་པ་བཞིའི་བྱ་བའི་བླང་བྱ་ལག་བསྟར་ནན་མོ་བྱེད་པ། གཞི་རིམ་ཏང་རྩ་འཛུགས་དང་སྡེ་སྡོད་བྱ་བའི་རུ་ཁག་གི་ནུས་པ་འདོན་སྤེལ་བྱས་ཏེ། ཕྱིར་དབུལ་བོར་འགྱུར་བའི་འགུལ་རྣམ་ལྟ་ཞིབ་དང་རོགས་སྐྱོར་རྐྱེན་སྲོལ་འཛུགས་དགོས། སྲུང་སྐྱོབ་དང་འཕེལ་རྒྱས་བར་གྱི་འབྲེལ་བ་ཐག་གཅོད་བཟང་བོ་བྱེད་པ་དང་། སྐྱེ་དངོས་རིགས་སྣའི་མ་བཅོས་རང་བཞིན་སྲུང་འཛིན་བྱེད་པ། མཐོ་སྒང་གི་ལྗང་མདོག་སྐྱེ་ལྡན་ཚོང་རྟགས་འཛུགས་སྐྲུན་བྱེད་པ། གློག་ཚོང་ལ་རྒྱབ་རྟེན་ནས་ཉོ་ཚོང་ཐད་ཀྱི་དཀའ་གནད་ཐག་བཅད་དེ། ཞིང་ཕྱུགས་ལས་འཕེལ་རྒྱས་ཀྱི་བར་སྟོང་རྒྱ་སྐྱེད་དགོས་ཟེར།

ཞིན་ཁྲང་ཞིང་རྒན་གསོ་ཁང་དུ། ཞིན་ཁྲང་ཞིང་གིས་ལོ་ལོན་ཚོ་དང་མཛའ་བརྩེའི་གླེང་མོལ་བྱས། ཁོས་བཤད་རྒྱུར། མིག་སྔར་སྤེལ་བཞིན་པའི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་དང་མང་ཚོགས་ཀྱི་གནད་དོན་དངོས་ཐག་གཅོད་པ་གཉིས་ཟུང་འབྲེལ་བྱེད་པ་དང་། འགན་འཁྲི་དང་བརྩེ་སེམས་ཡོད་པའི་སྒོ་ནས་མང་ཚོགས་ལ་དོན་བཟང་དང་དོན་དངོས་བསྒྲུབ་སྟེ། བཅོས་བསྒྱུར་འཕེལ་རྒྱས་ཀྱི་གྲུབ་འབྲས་ཀྱིས་མི་དམངས་ཡོངས་ལ་ཕན་འདོགས་པར་སྐུལ་འདེད་གཏོང་དགོས།

ཚེ་རིང་ཐར་གྱིས་མཉམ་དུ་རྟོག་ཞིབ་བྱས།

རིན་ཆེན་མཚོས་བསྒྱུར།