ཞི་ཅིན་ཕིང་གིས་ཧྥ་རན་སི་དང་འཇར་མན་གྱི་འགོ་ཁྲིད་པ་དང་ལྷན་དུ་བརྙན་ལམ་ནས་མཐོ་རིམ་གྲོས་ཚོགས་བསྡུས།
2021.07.07 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 85

རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས་ལྔ་ཉིན་གྱི་དགོང་མོར་པེ་ཅིང་དུ། ཧྥ་རན་སིའི་ཙུང་ཐུང་མཱ་ཁི་ལུང་དང་འཇར་མན་གྱི་ཙུང་ལིས་མའོ་ཁི་ཨར་གཉིས་དང་ལྷན་དུ་བརྙན་ལམ་ནས་མཐོ་རིམ་གྲོས་ཚོགས་བསྡུས།

རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས་ལྔ་ཉིན་གྱི་དགོང་མོར་པེ་ཅིང་དུ། ཧྥ་རན་སིའི་ཙུང་ཐུང་མཱ་ཁི་ལུང་དང་འཇར་མན་གྱི་ཙུང་ལིས་མའོ་ཁི་ཨར་གཉིས་དང་ལྷན་དུ་བརྙན་ལམ་ནས་མཐོ་རིམ་གྲོས་ཚོགས་བསྡུས།

ཞི་ཅིན་ཕིང་གིས་བསྟན་དོན། མིག་སྔར་འཛམ་གླིང་གྱི་རིམས་ནད་གནས་བབ་སྔར་བཞིན་ཛ་དྲག་ཡིན་པས། དཔལ་འབྱོར་སླར་གསོའི་མདུན་ལྗོངས་སྔར་བཞིན་གསལ་བོ་མིན། འཛམ་གླིང་ཡོངས་ཀྱིས་འདས་ཟིན་པའི་དུས་སྐབས་གང་གི་རིང་ལས་ཀྱང་སྔར་བཞིན་ཕན་ཚུན་བརྩི་མཐོང་དང་མཉམ་ལས་གང་ལེགས་བྱེད་དགོས་པ་ལས། རྣམ་རྟོག་དགྲར་ལངས་ཀྱི་སྒོ་ནས་ཕན་ཚུན་ཁ་གཏད་དང་ཐར་ཐོར་གྱི་རྣམ་པར་གནས་མི་རུང་། རེ་བ་ཡིན་ན་ཀྲུང་གོ་དང་ཡོ་རོབ་གླིང་གིས་ཐུན་མོང་གི་ལྟ་བ་དང་མཉམ་ལས་ཁྱབ་ཁོངས་ཆེ་རུ་བསྐྱེད་དེ། འཛམ་གླིང་རང་བཞིན་གྱི་འགྲན་རྩོད་ལ་ཁ་གཏད་འོས་འཚམ་འཇལ་བར་བྱེད་ནུས་གལ་ཆེན་འདོན་དགོས། གཅིག་ནས་ཕན་ཚུན་བར་རྒྱུས་ལོན་ཡང་དག་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་དགོས། གཉིས་ནས་གཉིས་ཕན་གཉིས་རྒྱལ་གྱི་མཉམ་ལས་ཁྱབ་ཁོངས་ཆེ་རུ་བསྐྱེད་དགོས། གསུམ་ནས་ངེས་དོན་གྱི་ཕྱོགས་མང་རིང་ལུགས་ལ་སྲུང་སྐྱོབ་བྱེད་དགོས། བཞི་ནས་སྤྱིའི་བརྟན་འཇགས་དང་ཆ་སྙོམས་འཕེལ་རྒྱས་ཀྱི་རྒྱལ་ཁབ་ཆེན་པོའི་འབྲེལ་བ་བསྐྲུན་རྒྱུ་རྒྱུན་འཁྱོངས་བྱེད་དགོས།

རྒྱལ་ཁབ་གསུམ་གྱི་འགོ་ཁྲིད་པས་ད་དུང་ཨ་ཧྥེ་རི་ཁ་གླིང་གི་གྲོས་དོན་སྐོར་ནས་དགོངས་འཆར་བརྗེ་རེས་གནང་། ཞི་ཅིན་ཕིང་གིས་བསྟན་དོན། ཨ་ཧྥེ་རི་ཁ་གླིང་ནི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་རིམས་འགོག་དང་དཔལ་འབྱོར་སླར་གསོའི་འོས་འགན་ཆེས་ལྕི་བའི་ས་ཁུལ་ཞིག་ཡིན་ལ། འཕེལ་རྒྱས་ཀྱི་ཐོན་ཁུངས་ཆེས་ཆེ་བའི་སྐམ་ས་ཞིག་ཀྱང་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཨ་ཧྥེ་རི་ཁ་གླིང་གི་རྒྱལ་ཁབ་བཞི་བཅུ་དང་ཨ་ཧྥེ་རི་ཁ་གླིང་མཉམ་འབྲེལ་ལྷན་ཚོགས་བྱ་བའི་ཨུ་ཡོན་ལྷན་ཁང་ལ་འགོག་ཁབ་འདོན་སྤྲོད་བྱེད་ཀྱིན་ཡོད་ཅིང་། ཨ་ཧྥེ་རི་ཁ་གླིང་གི་འགོག་ཁབ་ས་གནས་ཅན་གྱི་ཐོན་སྐྱེད་ནུས་པར་རྒྱབ་སྐྱོར་གང་ལེགས་བྱེད་ཀྱིན་ཡོད། རེ་བ་ཡིན་ན་ཡོ་རོབ་གླིང་ཕྱོགས་ཀྱིས་ཀྱང་ཨ་ཧྥེ་རི་ཁ་གླིང་ལ་རྒྱབ་སྐྱོར་དང་རོགས་འདེགས་གང་ལེགས་བྱས་ཏེ། རོགས་རམ་མཁོ་བའི་ཨ་ཧྥེ་རི་ཁ་གླིང་གི་རྒྱལ་ཁབ་ལ་འགོག་ཁབ་སྔར་ལས་མང་པོ་འདོན་སྤྲོད་བྱས་ནས། ཨ་ཧྥེ་རི་ཁ་གླིང་གིས་བུ་ལོན་འཁུར་བའི་གནོན་ཤུགས་ལ་ཁ་གཏད་ཡག་པོ་འཇལ་བར་གྲོགས་དན་མཛད་དེ། ཨ་ཧྥེ་རི་ཁ་གླིང་གི་དཔལ་འབྱོར་མགྱོགས་མྱུར་ངང་སླར་གསོ་ཡོང་བ་དང་ལྷད་མེད་ཐཱན་ཉུང་གི་འཕེལ་རྒྱས་མངོན་འགྱུར་ཡོང་བར་བྱེད་དགོས། དེ་མིན་ད་དུང་ཧྥ་རན་སི་དང་འཇར་མན་གཉིས་ཀྲུང་གོ་དང་ཨ་ཧྥེ་རི་ཁ་གླིང་གིས་མཉམ་དུ་བཏོན་པའི་ཨ་ཧྥེ་རི་ཁ་གླིང་གི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་དགོས་པའི་གྲོས་འགོའི་ཁྲོད་ཞུགས་ཏེ། མཉམ་ལས་སྣ་སྒོ་མོ་ནས་བྱས་པར་དགའ་བསུ་ཞུ་བཞིན་ཡོད།

མཱ་ཁི་ལུང་གིས་བཞེད་དོན། འདས་པའི་ལོ་བཅུ་ཕྲག་ཁ་ཤས་རིང་ལ། ཀྲུང་གོས་འཕེལ་རྒྱས་ཕྱོགས་ནས་གྲུབ་འབྲས་ཆེན་པོ་བླངས་ཡོད་ཅིང་། ཧྥ་རན་སི་ཕྱོགས་ཀྱིས་ཀྱང་བདེན་གཉེར་གྱི་རྣམ་འགྱུར་བཅངས་ཏེ་མུ་མཐུད་དུ་ཀྲུང་གོའི་བར་གྱི་མཉམ་ལས་ལ་ཤུགས་སྣོན་འདང་ཡོད་ལ། ཡོ་རོབ་གླིང་དང་ཀྲུང་གོའི་བར་གྲོས་མཐུན་བྱུང་བའི་མ་དངུལ་གཏོང་བའི་ཆོད་དོན་ལ་རྒྱབ་སྐྱོར་བྱེད་རྒྱུ་ཡིན་པར་མ་ཟད། ད་དུང་མི་ཆོས་རིག་གནས་སྐོར་གྱི་བསམ་ཚུལ་བརྗེ་རེས་ལ་ཤུགས་སྣོན་རྒྱུ་ཡིན། དེ་མིན་ད་དུང་ཀྲུང་གོའི་ཁེ་ལས་པས་ཧྥ་རན་སི་ནས་མ་དངུལ་གཏོང་བར་དགའ་བསུ་ཞུ་བཞིན་ཡོད།

མའོ་ཁི་ཨར་གྱིས་བཞེད་དོན། ཀྲུང་གོ་རིམས་ནད་ལས་རྣམ་པར་རྒྱལ་ཏེ་དཔལ་འབྱོར་སླར་གསོ་དང་འཕེལ་རྒྱས་བྱུང་བར་རྟེན་འབྲེལ་ཞུ། འཇར་མན་དང་ཧྥ་རན་སིའི་འགོ་ཁྲིད་པས་བསམ་བློ་བརྗེ་རེས་ཀྱི་རྣམ་པ་རྒྱུན་འཁྱོངས་བྱེད་རྒྱུ་ནི་གལ་འགངས་ཆེན་པོ་ཡིན། འཇར་མན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་ལྷན་དུ་འགོག་ཁབ་ཀྱི་དྲང་གཞག་ཐོན་སྐྱེད་བགོ་འགྲེམ་དང་། མི་སྣ་སླར་གསོ་དང་ཉོ་ཚོང་སྔར་སྲོལ་བཞིན་གྲུབ་པའི་རྨང་གཞིའི་འོག་གི་མཐུན་སྦྱོར་མཉམ་ལས་ལ་ཤུགས་སྣོན་རྒྱུ་ཡིན། ཡོ་རོབ་གླིང་དང་ཀྲུང་གོའི་འབྲེལ་བ་ཧ་ཅང་གལ་ཆེན་ཡིན། ཕྱོགས་གཉིས་ཀའི་བར་ཐུན་མོང་གི་ལྟ་བ་མང་པོ་བྱུང་ཡོད་ཅིང་མཉམ་ལས་བྱེད་རུང་བའི་ཁྱབ་ཁོངས་ཀྱང་མང་པོ་ཡོད་པར་བརྟེན། ཕན་ཚུན་བརྩི་མཐོང་དང་ཕན་ཚུན་གླེང་མོལ་སོགས་ཀྱི་ཐབས་ལམ་སྤྱད་དེ་ཕན་ཚུན་བར་གྱི་འགལ་བ་དང་མི་མཐུན་པ་ཅི་རིགས་སེལ་འོས།

དབྱང་ཅི་ཁྲི་དང་ཝང་དབྱི། ཧི་ལིས་ཧྥུན་སོགས་གོང་གསལ་མཐོ་རིམ་ཚོགས་འདུར་ཞུགས།

བན་དེ་སྐྱབས་ཀྱིས་བསྒྱུར།