ཞི་ཅིན་ཕིང་གིས་བོད་ལྗོངས་སུ་རྟོག་ཞིབ་མཛད།
2021.07.24 ཁུངས། ཀློག་གྲངས། 228

བོད་ལྗོངས་ཞི་བས་བཅིངས་འགྲོལ་བྱས་ནས་ལོ་བདུན་ཅུ་འཁོར་བའི་སྐབས་འདིར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་བོད་ལྗོངས་སུ་ཕེབས་ནས། བོད་ལྗོངས་ཞི་བས་བཅིངས་འགྲོལ་བྱས་ནས་ལོ་བདུན་ཅུ་འཁོར་བར་རྟེན་འབྲེལ་ཞུས་པ་དང་། བོད་ལྗོངས་ཀྱི་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ལ་འཚམས་འདྲི་མཛད་པ་མ་ཟད། རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ལ་ཏང་ཀྲུང་དབྱང་གི་བརྩེ་སེམས་བསྐྱལ། ཞི་ཅིན་ཕིང་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཡིན་པའི་ཆ་ནས་བོད་ལྗོངས་སུ་ཕེབས་ནས་བོད་ལྗོངས་ཞི་བས་བཅིངས་འགྲོལ་བྱས་པར་རྟེན་འབྲེལ་ཞུས་པ་ནི། ཏང་དང་རྒྱལ་ཁབ་ཀྱི་ལོ་རྒྱུས་ཐོག་ཐེངས་དང་པོ་ཡིན་ཞིང་། འདིས་ཏང་ཀྲུང་དབྱང་གིས་བོད་ལྗོངས་ཀྱི་བྱ་བའི་ཐད་ཀྱི་རྒྱབ་སྐྱོར་དང་། བོད་ལྗོངས་ཀྱི་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ལ་བཅངས་པའི་བརྩེ་སེམས་མཚོན་ཡོད།

ཟླ7པའི་ཚེས21ཉིན་ནས23ཉིན་བར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་བོད་ལྗོངས་སུ་ཕེབས་ནས། བོད་ལྗོངས་ཞི་བས་བཅིངས་འགྲོལ་བྱས་ནས་ལོ་བདུན་ཅུ་འཁོར་བར་རྟེན་འབྲེལ་ཞུས་པ་དང་། བོད་ལྗོངས་ཀྱི་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ལ་འཚམས་འདྲི་མཛད། འདི་ནི་ཚེས22ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕིང་གིས་ཕོ་བྲང་པོ་ཏ་ལའི་ཐང་ཆེན་དུ་རྟོག་ཞིབ་མཛད་སྐབས། གནས་སྐོར་པ་དང་ས་དེའི་མང་ཚོགས་ལ་ཕྱག་གཡུག་གནང་ནས་གུས་བརྡ་སྟོན་པའི་ཚུལ་རེད།

ཞི་ཅིན་ཕིང་གིས་བསྟན་དོན། བོད་ལྗོངས་ཞི་བས་བཅིངས་འགྲོལ་བྱས་ནས་ལོ་བདུན་ཅུའི་རིང་ལ། ཏང་ཀྲུང་དབྱང་གི་མགོ་ཁྲིད་བརྟན་པོའི་འོག་དང་། རྒྱལ་ཡོངས་མི་དམངས་ཀྱི་རྒྱབ་སྐྱོར་ཆེན་པོའི་འོག བོད་ལྗོངས་ཀྱི་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ཀྱིས་དཀའ་སྤྱད་འབད་འབུངས་དང་ཡར་བརྩོན་ལྷོད་མེད་བྱས་པས། སྤྱི་ཚོགས་ལམ་ལུགས་ལ་ལོ་རྒྱུས་རང་བཞིན་གྱི་མཆོང་བརྒལ་བྱུང་བ་མ་ཟད། དཔལ་འབྱོར་སྤྱི་ཚོགས་ཁྱོན་ཡོངས་ནས་འཕེལ་རྒྱས་བྱུང་ལ། མི་དམངས་ཀྱི་འཚོ་བ་ཧ་ཅང་ཇེ་ལེགས་སུ་སོང་བ་དང་། མཁར་གྲོང་གི་རྣམ་པ་ཡང་སྔོན་ཆད་ལས་ཇེ་བཟང་དུ་སོང་ཡོད། ལག་ལེན་ལས་ཀྲུང་གོ་གུང་ཁྲན་ཏང་མེད་ན་ཀྲུང་གོ་གསར་བ་ཡོད་མི་སྲིད་པ་དང་། བོད་ལྗོངས་གསར་བའང་ཡོད་མི་སྲིད་ལ། ཏང་ཀྲུང་དབྱང་གི་བོད་ལྗོངས་བྱ་བའི་སྐོར་གྱི་བྱེད་ཐབས་དང་སྲིད་ཇུས་ནི་ཡོངས་སུ་ཡང་དག་པ་ར་སྤྲོད་བྱུང་ཡོད།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། དུས་རབས་གསར་པའི་ཏང་གི་བོད་སྐྱོང་ཐབས་ཇུས་ཁྱོན་ཡོངས་ནས་ལག་བསྟར་བྱས་ཏེ། བརྟན་ཐོག་ཡར་འཕེལ་གྱི་བྱ་བའི་སྤྱིའི་དགོངས་གཞི་རྒྱུན་འཁྱོངས་ཀྱིས་འཕེལ་རྒྱས་ཀྱི་དུས་རིམ་གསར་བར་རྐང་བཙུགས་ནས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ཆ་ཚང་ཞིང་ཡང་དག་ལ་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ་དང་། འཕེལ་རྒྱས་ཀྱི་ཆགས་སྟངས་གསར་བར་ཞབས་ཕྱི་དང་མཉམ་འདྲེས་བྱས་ཏེ། སྤུས་ལེགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། མཐའ་མཚམས་ས་ཁུལ་གྱི་འཛུགས་སྐྲུན་ལ་ཤུགས་སྣོན་པ། བརྟན་བརླིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་མཚམས་སྟོབས་ལྡན་བཅས་ཀྱི་དོན་ཆེན་བཞི་དམ་འཛིན་བཟང་པོ་བྱས་ཏེ། མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་དང་རྒྱུན་མཐུད་འཕེལ་རྒྱས་ཐད་རྒྱུན་ཆད་མེད་པར་གྲུབ་འབྲས་གསར་པ་ལེན་རྒྱུར་སྐུལ་འདེད་བཏང་ནས། གངས་ལྗོངས་མཐོ་སྒང་ཡུན་རིང་བདེ་འགོད་དང་སྤུས་ལེགས་འཕེལ་རྒྱས་ཀྱི་ལེའུ་གསར་བ་འབྲི་བར་བརྩོན་དགོས།

ཟླ་བདུན་པའི་ཚེས་ཉེར་གཅིག་ཉིན་ནས་ཚེས་ཉེར་གསུམ་ཉིན་བར། ཞི་ཅིན་ཕིང་གིས་བོད་རང་སྐྱོང་ལྗོངས་ཏང་ཨུའི་ཧྲུའུ་ཅི་ཝུའུ་དབྱིན་ཅེ་དང་། བོད་རང་སྐྱོང་ལྗོངས་སྲིད་གཞུང་གི་ཀྲུའུ་ཞི་ཆེ་དགྲ་ལྷ་ཡི་ཕེབས་རོགས་འོག སྔ་རྗེས་སུ་ཉིང་ཁྲི་དང་། ལྷ་ས་སོགས་སུ་ཕེབས་ནས། ཞིང་སྡེ་དང་། གྲོང་ཁྱེར་སྤྱི་གླིང་། ལྕགས་ལམ་ལྟེ་བ། ཆོས་ལུགས་སྤེལ་ཡུལ། རིག་གནས་སྲང་ལམ་སོགས་སུ་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ལ་འཚམས་འདྲི་མཛད།

ཚེས་ཉེར་གཅིག་ཉིན་གྱི་སྔ་དྲོའི་དུས་ཚོད་བཅུ་གཅིག་ཡས་མས་སུ།  ཞི་ཅིན་ཕིང་གནམ་གྲུར་བཞུགས་ནས་ཉིང་ཁྲིའི་སྨིན་གླིང་གནམ་གྲུ་ཐང་དུ་ཕེབས། བོད་ལྗོངས་ཀྱི་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ཀྱིས་ལག་ལ་མེ་ཏོག་བཟུང་བ་དང་། གླུ་ལེན་གར་རྩེད་བྱེད་བཞིན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཕེབས་པར་སྤྲོ་སེམས་འཁོལ་བའི་ངང་ནས་དགའ་བསུ་བྱས། བོད་ལྗོངས་ཀྱི་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ལ་ཁ་བཏགས་དང་། གྲོ་སོ་ཕྱེ་མར། ནས་ཆང་སོགས་ཕུལ་ནས། ལྷག་བསམ་རྣམ་དག་གིས་སྤྱི་ཁྱབ་ཧྲུའུ་ཅི་ལ་རྟེན་འབྲེལ་ཞུས།

འདི་ནི་ཚེས21ཉིན་གྱི་སྔ་དྲོར། ཞི་ཅིན་ཕིང་གནམ་གྲུར་བཞུགས་ཏེ་ཉིང་ཁྲིའི་སྨིན་གླིང་གནམ་གྲུ་ཐང་དུ་ཐོན་པ་དང་། བོད་ལྗོངས་ཀྱི་རིགས་སོ་སོའི་མང་ཚོགས་ཀྱིས་གླུ་ལེན་གར་རྩེད་བྱེད་བཞིན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཕེབས་པར་སྤྲོ་སེམས་འཁོལ་བའི་ངང་ནས་དགའ་བསུ་ཞུ་བའི་ཚུལ་རེད།

དེའི་རྗེས། ཞི་ཅིན་ཕིང་རླངས་འཁོར་དུ་བཞུགས་ནས་ཉང་ཆུ་ཟམ་ཆེན་དུ་ཕེབས་ཏེ། ཆུ་ཡི་རླབས་ཕྲེང་གཡོ་ཞིང་རྩི་ཤིང་སྟུག་པོར་སྐྱེས་པའི་ཡར་ཉང་ན་འདམ་ལ་རྒྱང་གཟིགས་མཛད་ཅིང་། ཡར་ཀླུང་གཙང་པོ་དང་ཉིང་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་རང་བྱུང་སྲུང་སྐྱོབ་ཁུལ་འཛུགས་སྐྲུན་སོགས་ཀྱི་གནས་ཚུལ་ལ་གསན། ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། སྲུང་སྐྱོབ་གཙིགས་སུ་འཛིན་རྒྱུ་རྒྱུན་འཁྱོངས་དང་། རི་ཆུ་ནགས་ཞིང་དང་མཚེའུ། རྩྭ་དང་བྱེ་མ་འཁྱགས་རོམ་བཅས་གཞི་གཅིག་ཅན་གྱི་སྲུང་སྐྱོབ་དང་བཅོས་སྐྱོང་མ་ལག་རྒྱུན་འཁྱོངས་བྱས་ཏེ། གཙང་བོའི་འབབ་རྒྱུད་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་ཉམས་གསོ་བྱེད་པར་ཤུགས་བསྣན་ཏེ། ལུགས་མཐུན་གྱི་སྒོ་ནས་ཆུའི་ཐོན་ཁུངས་གསར་སྤེལ་བེད་སྤྱོད་དང་སྲུང་སྐྱོབ་བྱེད་པར་གཅིག་གྱུར་འཆར་འགོད་བྱས་ཏེ། གནས་འདིའི་རྩི་ཤིང་དང་རི་ཀླུང་ཐམས་ཅད་ལ་སྲུང་སྐྱོབ་ལེགས་པོ་བྱེད་དགོས།

འདི་ནི་ཚེས21ཉིན་གྱི་སྔ་དྲོར། ཞི་ཅིན་ཕིང་གིས་ཉིང་ཁྲིའི་ཉིང་ཆུའི་ཟམ་ཆེན་སྟེང་ཡར་ཉིང་ན་འདམ་ལ་རྟོག་ཞིབ་མཛད་པའི་ཚུལ་རེད།

ཉིན་དེའི་ཕྱི་དྲོར། ཞི་ཅིན་ཕིང་ཉིང་ཁྲི་གྲོང་ཁྱེར་འཆར་འགོད་ཁང་དུ་ཕེབས་ཏེ། ཉིང་ཁྲི་གྲོང་ཁྱེར་འཛུགས་སྐྲུན་གྱི་ལོ་རྒྱུས་དང་འཕེལ་རྒྱས་འཆར་འགོད་ལ་རྒྱུས་ལོན་མཛད། ཞི་ཅིན་ཕིང་གིས་བསྟན་དོན། མཐོ་སྒང་དུ་འཚོ་བ་རོལ་བའི་རིགས་སོ་སོའི་མང་ཚོགས་ཀྱིས་དུས་ཡུན་རིང་བོར་རང་བྱུང་ཁམས་ཆེན་པོ་དང་མཉམ་གནས་བྱས་ཏེ། མཐོ་སྒང་གི་ས་གཞི་ཆེན་པོ་འདིར་འཆམ་མཐུན་མཉམ་གནས་ཀྱི་འཚོ་བ་རོལ་སྟངས་ཤིག་གྲུབ་འདུག ས་གནས་ཀྱི་ཁྱད་ཆོས་འབུར་དུ་ཐོན་པར་བྱེད་པ་དང་། ཁྱད་པར་དུ་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་བྱེད་པ་དང་རྒྱུན་མཐུད་འཕེལ་རྒྱས་སུ་འགྲོ་བའི་འདུ་ཤེས་འདིའི་རིགས་སྐྱེད་སློང་བྱས་ཏེ། ཐོན་ཁུངས་ཁོར་ཡུག་གི་ཐེག་ནུས་དེ་ཚོད་འཛིན་དུ་བརྩིས་ཤིང་། ཚན་རིག་དང་མཐུན་པར་རྨང་གཞིའི་སྒྲིག་བཀོད་འཆར་འགོད་འཛུགས་སྐྲུན་བྱེད་པ་དང་། ནགས་ཚལ་མེ་འགོག་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་བསྣན་ནས། གྲོང་ཁྱེར་དེང་རབས་ཅན་གྱི་ཆུ་ཚད་མཐོར་འདེགས་སུ་གཏོང་དགོས།

འདི་ནི་ཚེས21ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕིང་གིས་ཉིང་ཁྲི་གྲོང་ཁྱེར་འཆར་འགོད་ཁང་དུ་ཉིང་ཁྲི་གྲོང་ཁྱེར་གྱི་འཛུགས་སྐྲུན་བརྒྱུད་རིམ་དང་འཕེལ་རྒྱས་འཆར་འགོད་ལ་རྒྱུས་ལོན་མཛད་པའི་ཚུལ་རེད།

ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུའུ་ཉིང་ཁྲི་གྲོང་རྡལ་གྱི་དཀར་ལ་སྡེ་བ་ནི་དཔྱིད་དུས་ཁམ་བུའི་མེ་ཏོག་ལྷམ་མེར་བཞད་པར་བརྟེན་ནས་མིང་དུ་གྲགས་པ་རེད། ཞི་ཅིན་ཕིང་གནས་དེར་ཕེབས་ཏེ། དཀར་ལ་སྡེ་བའི་ཏང་འཛུགས་སྣེ་ཁྲིད་ནུས་པ་འདོན་སྤེལ་དང་མང་ཚོགས་ཀྱི་སྣེ་ཁྲིད་དེ་ཕྱུག་འགྱུར་བྱེད་པ། དེ་མིན་གཞི་རིམ་བཅོས་སྐྱོང་ཆུ་ཚད་མཐོར་འདེགས་སུ་བཏང་བའི་སྐོར་གྱི་ངོ་སྤྲོད་ལ་གསན་ཞིང་། ཞི་ཅིན་ཕིང་སྡེ་བའི་སྟབས་བདེ་ཞབས་ཕྱི་ལྟེ་གནས་དང་ལྷད་མེད་དངུལ་ཁང་བརྗེ་རེས་ཚོང་ཁང་། དེ་མིན་འཕྲོད་བསྟེན་ཁང་སོགས་སུ་ཕེབས་ཏེ་འབྲེལ་ཡོད་གནས་ཚུལ་ལ་རྒྱུས་ལོན་མཛད། སྡེ་མི་ཟླ་བ་རྒྱལ་མཚན་གྱིས་སྤྲོ་སེམས་འཁོལ་བའི་ངང་སྤྱི་ཁྱབ་ཧྲུའུ་ཅི་ཁྱིམ་དུ་བསུས་ཤིང་། ཞི་ཅིན་ཕིང་གིས་ཁོ་ཚང་གི་མལ་ཁང་དང་ཟ་ཁང་སོགས་ལ་ཞིབ་གཟིགས་གནང་བ་མ་ཟད། ཁོ་ཚང་གི་ཁྱིམ་མི་ཚོ་དང་མཉམ་དུ་བཞུགས་ཏེ་གླེང་མོལ་མཛད། ཟླ་བ་རྒྱལ་མཚན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ལ་ལོ་འདི་དག་གི་རིང་ཁོ་ཚང་གིས་སྐྱེལ་འདྲེན་དང་ཁམ་བུའི་མེ་ཏོག་དུས་ཆེན་གྱི་ཁེ་སྤོགས་བགོ་བ། དེ་མིན་ས་ཞིང་འཁོར་རྒྱུག་དང་འདེབས་འཛུགས་གསོ་སྤེལ་བཅས་ལ་བརྟེན་ནས། ན་ནིང་ཁྱིམ་མི་གང་བོའི་ཡོང་སྒོ་སྒོར་འབུམ་གསུམ་ལས་བརྒལ་ཡོད་ཅེས་བཤད་པ་ན། སྤྱི་ཁྱབ་ཧྲུའུ་ཅི་དགའ་སྤྲོ་ཚད་མེད་སྐྱེས།

ཞི་ཅིན་ཕིང་གིས་བསྟན་དོན། དཀར་ལ་སྡེ་བའི་མཛེས་སྡུག་གི་འཚོ་བ་ནི་བོད་ལྗོངས་ཞི་བས་བཅིངས་འགྲོལ་བྱས་ནས་ལོ་བདུན་ཅུ་འཁོར་བའི་རིང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་གྲུབ་འབྲས་ཀྱི་བསྡུས་གཟུགས་ཤིག་ཡིན། འདི་ནི་མི་རིགས་མཐུན་སྒྲིལ་ཡར་སྐུལ་གྱི་གྲུབ་འབྲས་མེ་ཏོག་བཞད་སའི་གནས་ཤིག་ཡིན། ཡུལ་མི་སྤུན་ཟླ་ཚོའི་འཚོ་བ་བཟང་པོ་ནི་ཏང་དང་རྒྱལ་ཁབ་ཀྱི་སྲིད་ཇུས་བཟང་པོ་ལས་ཐོན་པ་ཡིན་ལ། ཁྱོད་ཚོ་རང་ཉིད་ཀྱི་དཀའ་སྡུག་གི་རྔུལ་ཆུ་ལས་བསྐྲུན་པ་ཡང་ཡིན། ཏང་ཀྲུང་དབྱང་གིས་བོད་ལྗོངས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་ལག་བསྟར་བཟང་པོ་བྱས་ཏེ། གྲོང་གསེབ་དར་སྤེལ་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་དགོས། སྡེ་མི་ཚོ་ལམ་གྱི་གཞོགས་གཉིས་སུ་ལངས་ཏེ། ལག་ཏུ་དྲི་མེད་ཁ་བཏགས་དཀར་པོ་བཟུང་ནས་སྤྱི་ཁྱབ་ཧྲུའུ་ཅི་སྐུ་ཁམས་བཟང་ཞེས་འབོད་སྐད་བསྒྲགས་པ་དང་། ཞྭ་མོ་ཕུད་དེ་སྤྱི་ཁྱབ་ཧྲུའུ་ཅིར་གུས་འདུད་ཞུས། ཞི་ཅིན་ཕིང་གིས་ཚང་མ་བདེ་ཞིང་སྐྱིད་པའི་བཀྲ་ཤིས་སྨོན་འདུན་ཞུས།

འདི་ནི་ཚེས21ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕིང་གིས་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུའུ་ཉིང་ཁྲི་གྲོང་རྡལ་དཀར་ལ་སྡེ་བའི་སྡེ་མི་ཟླ་བ་རྒྱལ་མཚན་ཚང་དུ་བརྩེ་བའི་གསུང་གླེང་མཛད་པའི་ཚུལ་རེད།

དཀར་ལ་སྡེ་བ་དང་ཁ་བྲལ་ཏེ། ཞི་ཅིན་ཕིང་ཉིང་ཁྲིའི་གྲོང་ཁུལ་གསར་རྙིང་གི་འབྲེལ་མཚམས་ཀྱི་ཀོང་པོ་སྤྱི་གླིང་དུ་ཕེབས་ཏེ། སྤྱི་གླིང་གི་ལྗང་སྒྱུར་དང་རྨང་གཞིའི་སྒྲིག་བཀོད་ལ་གཟིགས་ཞིབ་མཛད། ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། གྲོང་ཁྱེར་གྱི་སྲོག་ཤིང་ནི་མི་ཡིན་པས། གྲོང་ཁྱེར་གྱི་བྱ་བ་སྒྲུབ་པ་བཟང་མི་བཟང་དང་མི་དམངས་མང་ཚོགས་ཡིད་ཚིམ་མི་ཚིམ། འཚོ་བ་སྟབས་བདེ་མི་བདེ་ནི་བརྡར་གཅོད་ཀྱི་ཚད་གཞི་གལ་ཆེན་ཡིན། མི་གཙོ་བོར་འཛིན་པ་རྒྱུན་འཁྱོངས་བྱས་ཏེ། རྒྱུན་ཆད་མེད་པར་གྲོང་ཁྱེར་གྱི་བྱེད་ནུས་འཐུས་ཚང་དང་མང་ཚོགས་ཀྱི་འཚོ་བའི་སྤུས་ཚད་མཐོར་འདེགས་སུ་གཏོང་དགོས། ཞི་ཅིན་ཕིང་གིས་སྤྱི་གླིང་ཐང་ཆེན་སྟེང་ཞབས་བྲོ་འཁྲབ་བཞིན་པའི་ས་དེའི་མང་ཚོགས་དང་ཡུལ་སྐོར་བར་སྨོན་འདུན་ཞུས་པ་དང་། རིགས་སོ་སོའི་མི་དམངས་ཀྱི་འཚོ་བ་ཇེ་རྒྱས་ཇེ་ལེགས་སུ་སོང་སྟེ། ཉིན་རེ་བཞིན་ཡར་ངོའི་ཟླ་ལྟར་འཕེལ་བའི་སྨོན་འདུན་ཞུས།

འདི་ནི་ཚེས21ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕིང་གིས་ཉིང་ཁྲི་གྲོང་ཁྱེར་ཀོང་པོ་སྤྱི་གླིང་དུ་རྟོག་ཞིབ་མཛད་སྐབས་ས་དེའི་མང་ཚོགས་དང་གནས་སྐོར་བར་བརྩེ་བའི་གསུང་གླེང་མཛད་པའི་ཚུལ་རེད།

ད་ལོའི་ཟླ་དྲུག་པའི་ཚེས་ཉེར་ལྔ་ཉིན། བོད་ལྗོངས་ཀྱི་གློག་རླངས་ཅན་གྱི་ལྕགས་ལམ་ཐོག་མ་སྟེ་ལྷ་ས་ནས་ཉིང་ཁྲི་བར་གྱི་ལྕགས་ལམ་སྟེང་མེ་འཁོར་ཤར་གཏོང་བྱས། ཚེས་ཉེར་གཉིས་ཉིན་གྱི་སྔ་དྲོར། ཞི་ཅིན་ཕིང་སི་ཁྲོན་ནས་བོད་ལྗོངས་བར་གྱི་ལྕགས་ལམ་ས་ཚིགས་གཙོ་བོ་ཉིང་ཁྲི་མེ་འཁོར་ས་ཚིགས་སུ་ཕེབས་ནས། སི་ཁྲོན་དང་བོད་ལྗོངས་བར་གྱི་ལྕགས་ལམ་གྱི་སྤྱིའི་འཆར་འགོད་དང་ལྷ་ས་ནས་ཉིང་ཁྲི་བར་གྱི་འཛུགས་སྐྲུན་འཁོར་སྐྱོད་གནས་ཚུལ་ལ་རྒྱུས་ལོན་མཛད་ཅིང་། གཡག་རྔ་ནས་ཉིང་ཁྲིའི་བར་མཚམས་ཀྱི་ལྕགས་ལམ་འཛུགས་སྐྲུན་གནས་ཚུལ་ཐད་ཀྱི་སྙན་ཞུར་གསན། ཁོང་ཆེད་སྤྱོད་མེ་འཁོར་ལ་བཞུགས་ཏེ་ཡུལ་དངོས་སུ་ལྷ་ས་ནས་ཉིང་ཁྲིའི་བར་གྱི་ལྕགས་ལམ་འཛུགས་སྐྲུན་གནས་ཚུལ་ལ་རྟོག་ཞིབ་མཛད་པ་དང་། འབྲེལ་ཡོད་གནད་དོན་ལ་ཞིབ་འཇུག་ཟབ་མོ་མཛད། ཞི་ཅིན་ཕིང་གིས་སི་ཁྲོན་དང་བོད་ལྗོངས་བར་གྱི་ལྕགས་ལམ་འཛུགས་སྐྲུན་ཐད་ཚད་མཐོན་པོའི་གདེང་འཇོག་མཛད་པ་དང་། ཀྲུང་དབྱང་ཆབ་སྲིད་ཅུའུ་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ལ་མགོ་འཛིན་མཛད་དེ་སི་ཁྲོན་དང་བོད་ལྗོངས་བར་གྱི་ལྕགས་ལམ་འཛུགས་སྐྲུན་བྱེད་པར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བར་ཞིབ་འཇུག་བཀོད་སྒྲིག་མཛད་ལ། བྱ་བར་སྐུལ་འདེད་གཏོང་བའི་ཐད་ཐེངས་གང་མང་ལ་མཛུབ་སྟོན་གལ་ཆེན་གནང་མྱོང་། ཁོང་གིས་བསྟན་དོན། སི་ཁྲོན་དང་བོད་ལྗོངས་བར་གྱི་ལྕགས་ལམ་འཛུགས་སྐྲུན་འཆར་འགོད་བྱེད་པ་ནི་བོད་ལྗོངས་འཕེལ་རྒྱས་དང་དམངས་ཚིས་ལེགས་བཅོས་ལ་སྐུལ་འདེད་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ཡིན། གཡག་རྔ་ནས་ཉིང་ཁྲི་བར་གྱི་ས་བབ་ས་གཤིས་དང་གནམ་གཤིས་ཆ་རྐྱེན་སྔར་ལས་རྙོག་འཛིང་ཆེ་བ་དང་། བཟོ་སྐྲུན་ཐད་ཧ་ཅང་དཀའ་ཁག་ཆེ་བས། ཚན་རྩལ་གསར་གཏོད་ཐད་ཀྱི་གནད་འགག་རང་བཞིན་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། དཀའ་ཁག་ལ་མི་འཛེམ་པར་མདུན་སྐྱོད་བྱེད་པ་དང་གཞན་གྱི་སྔོན་ལ་སྒྲུབ་དགོས་ཤིང་། ཚན་རིག་དང་མཐུན་ཞིང་བདེ་འཇགས་ཡིན་ལ་ལྷད་མེད་སྒོས་བཟོ་སྐྲུན་ལག་བསྟར་བྱས་ནས། བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པའི་གོ་རིམ་ཁྲོད་ཀྱི་མཚོན་དོན་རང་བཞིན་གྱི་བཟོ་སྐྲུན་འདི་ཉིད་འཛུགས་སྐྲུན་ལེགས་པོ་བྱེད་དགོས། ནུབ་རྒྱུད་མཐའ་མཚམས་ས་ཁུལ་གྱི་ལྕགས་ལམ་དྲ་རྒྱའི་འཛུགས་སྐྲུན་ཐད་གཅིག་གྱུར་འཆར་འགོད་བྱས་ཏེ། རིགས་པའི་ཁུངས་སྐྱེལ་དང་ཚན་རིག་དང་མཐུན་པའི་སྒོ་ནས་འཆར་འགོད་བཟོ་བ། མཐའ་མཚམས་ས་ཁུལ་གྱི་སྤུས་ལེགས་འཕེལ་རྒྱས་དང་རྒྱ་ཆེ་མི་དམངས་མང་ཚོགས་ཀྱི་སྤུས་ལེགས་འཚོ་བར་ཞབས་ཕྱི་སྔར་ལས་ལེགས་པོ་སྒྲུབ་དགོས།

འདི་ནི་ཚེས22ཉིན་གྱི་སྔ་དྲོར། ཞི་ཅིན་ཕིང་གིས་ཉིང་ཁྲི་མེ་འཁོར་ས་ཚིགས་སུ་རྟོག་ཞིབ་མཛད་བཞིན་པའི་ཚུལ་རེད།

ཉིན་དེའི་ཕྱི་དྲོར། ཞི་ཅིན་ཕིང་ལྷ་སའི་ནུབ་འདབས་སུ་ཡོད་པའི་འབྲས་སྤུངས་དགོན་པ་རུ་ཕེབས། ཚོགས་ཆེན་འདུ་ཁང་གི་ཐང་ཆེན་དུ་ཆོས་དུང་ལྷང་ལྷང་གྲགས་པ་དང་། འབྲས་སྤུངས་དགོན་པའི་དོ་དམ་ཨུ་ཡོན་ལྷན་ཁང་གི་འགན་འཁུར་བས་སྤྱི་ཁྱབ་ཧྲུའུ་ཅིར་ཁ་བཏགས་ཕུལ་ལ། དགེ་འདུན་པ་དག་གིས་སྤོས་བསྒྲོན་པ་དང་གདུགས་བཀར་ནས་སྤྱི་ཁྱབ་ཧྲུའུ་ཅི་ཚོགས་ཆེན་དུ་བསུས། ཞི་ཅིན་ཕིང་གིས་བོད་ལྗོངས་ཀྱི་ཆོས་ལུགས་བྱ་བའི་གནས་ཚུལ་དང་འབྲས་སྤུངས་དགོན་པས་དགོན་པའི་དོ་དམ་གསར་གཏོད་ཐད་ཤུགས་བསྣན་པའི་གནས་ཚུལ་ངོ་སྤྲོད་བྱས་པར་གསན་པར་མ་ཟད། ཚོགས་ཆེན་འདུ་ཁང་ལ་གཟིགས་ཞིབ་མཛད་པ་དང་། འབྲས་སྤུངས་དགོན་པས་ལོ་འདི་དག་ལ་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ལ་བརྩི་བཀུར་དང་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ལ་བརྩི་བཀུར། མེས་རྒྱལ་གཅིག་གྱུར་ལ་སྲུང་སྐྱོབ་བྱེད་པ་སོགས་ཀྱི་ཐད་དགེ་མཚན་ལྡན་པའི་བྱས་རྗེས་བཞག་པར་ཁས་ལེན་གང་ལེགས་མཛད། ཞི་ཅིན་ཕིང་ཚོགས་ཆེན་འདུ་ཁང་ལས་ཕྱིར་ཕེབས་པ་ན་དགེ་འདུན་པ་བཅུ་ལྷག་གིས་ལག་ཏུ་ཁ་བཏགས་བཟུང་ནས་སྤྱི་ཁྱབ་ཧྲུའུ་ཅིར་སྐྱེལ་མ་བྱས། ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཏང་གི་ཆོས་ལུགས་བྱ་བའི་གཞི་རྩའི་བྱེད་ཕྱོགས་ཁྱོན་ཡོངས་ནས་དོན་འཁྱོལ་བྱེད་ པ་དང་། མང་ཚོགས་ཀྱི་ཆོས་ལུགས་དད་མོས་ལ་བརྩི་བཀུར་བྱེད་པ། རང་ཚུགས་རང་བདག་རང་སྒྲུབ་ཀྱི་རྩ་དོན་རྒྱུན་འཁྱོངས་བྱེད་པ། ཁྲིམས་ལྟར་ཆོས་ལུགས་ལས་དོན་ལ་དོ་དམ་བྱེད་པ། ཧུར་ཐག་གིས་བོད་བརྒྱུད་ནང་བསྟན་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཕྲོད་མཐུན་ཡོང་བར་ཁྲིད་སྟོན་བྱེད་དགོས་ཤིང་། ཆོས་ལུགས་ཞི་མཐུན་དང་སྤྱི་ཚོགས་འཆམ་མཐུན། མི་རིགས་མཐུན་སྒྲིལ་ཡོང་བར་སྐུལ་སྤེལ་བྱས་ཏེ། སྤྱི་ཚོགས་དར་རྒྱས་གོང་འཕེལ་དུ་འགྲོ་བར་སྐུལ་འདེད་བྱེད་པའི་ཁྲོད་དགེ་མཚན་ལྡན་པའི་ནུས་པ་འདོན་དགོས།

འདི་ནི་ཚེས22ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕིང་གིས་འབྲས་སྤུངས་དགོན་པ་རུ་རྟོག་ཞིབ་མཛད་པའི་ཚུལ་རེད།

ལྷ་ས་གྲོང་ཁྱེར་གྱི་མཁར་རྙིང་ཁུལ་དུ་གནས་པའི་བར་སྐོར་གླིང་དེར་ལོ་ཆིག་སྟོང་སུམ་བརྒྱ་ལྷག་གིས་ལོ་རྒྱུས་ལྡན། ཞི་ཅིན་ཕིང་ཞབས་ཐང་དུ་ཕེབས་ནས་བར་སྐོར་གླིང་གི་མཛེས་ཉམས་ལ་གཟིགས་ཞིབ་མཛད་པ་དང་། ཁྱད་ཆོས་ལྡན་པའི་ཚོང་ཁང་དུ་ཕེབས་ནས་ཡུལ་སྐོར་རིག་གནས་གསར་གཏོད་ཐོན་ལས་ཀྱི་འཕེལ་རྒྱས་དང་བོད་ཀྱི་རིག་གནས་རྒྱུན་འཛིན་སྲུང་སྐྱོབ་བྱེད་པའི་ཐད་ཀྱི་གནས་ཚུལ་ལ་རྒྱུས་ལོན་མཛད། རིགས་སོ་སོའི་མང་ཚོགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅིར་ཁམས་འདྲི་མཛད། ཞི་ཅིན་ཕིང་གིས་ཕྱག་བརྡ་བཏང་སྟེ་ཚང་མར་འཚམས་འདྲི་ཞུས། དེ་ནས་ཞི་ཅིན་ཕིང་པོ་ཏ་ལའི་ཐང་ཆེན་དུ་ཕེབས་པ་དང་། ཐང་ཆེན་དུ་ཚོན་མདོག་རྣམ་པར་བཀྲ་བའི་རྒྱལ་དར་ལྷབ་ལྷུབ་ཏུ་སྐྱོད་བཞིན་ཡོད་ལ། བོད་ལྗོངས་ཞི་བས་བཅིངས་འགྲོལ་གྱི་རྗེས་དྲན་རྡོ་རིང་བརྗིད་ཉམས་ལྡན་ཞིང་ཀྲོང་ངེར་འགྱིང་ཡོད། ཕོ་བྲང་པོ་ཏ་ལ་བརྗིད་ཉམས་ལྡན་པར་ཀྲོང་ངེར་གནས་ལ། ཞི་ཅིན་ཕིང་གིས་ཕོ་བྲང་པོ་ཏ་ལའི་སྲུང་སྐྱོབ་དོ་དམ་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་མཛད་པ་དང་བརྩེ་བའི་ངང་རིགས་སོ་སོའི་མི་དམངས་མང་ཚོགས་ལ་འཚམས་འདྲི་མཛད། ཐང་ཆེན་དུ་ཡོད་པའི་ཡུལ་སྐོར་བ་དང་ས་དེའི་མང་ཚོགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་སྐུ་ཁམས་བཟང་ཞེས་སྐད་གསེང་མཐོན་པོས་འཚམས་འདྲི་བྱས། ཞི་ཅིན་ཕིང་གིས་བསྟན་དོན།   བོད་ལྗོངས་ནི་མི་རིགས་སོ་སོས་མཉམ་དུ་གསར་སྤེལ་བྱས་པ་ཡིན་པ་དང་། བོད་ལྗོངས་ཀྱི་ལོ་རྒྱུས་ནི་མི་རིགས་སོ་སོས་མཉམ་དུ་བསྐྲུན་པ་ཡིན་ལ།  བོད་རིགས་དང་མི་རིགས་གཞན་དག་བར་གྱི་བརྗེ་རེས་ནི་བོད་ལྗོངས་ཀྱི་ལོ་རྒྱུས་འཕེལ་རིམ་གྱི་ཐོག་མཐའ་བར་གསུམ་དུ་ཁྱབ་ཡོད།  ད་ལྟ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་གྱི་འཐབ་ལམ་གསར་བ་དངོས་སུ་བཏོད་ཡོད་པ་དང་།  བོད་ལྗོངས་འཕེལ་རྒྱས་ཀྱང་ལོ་རྒྱུས་ཀྱི་མགོ་རྩོམ་ས་གསར་བ་ཞིག་ཏུ་སླེབས་ཡོད། ང་ཚོ་ཀྲུང་གོ་གུང་ཁྲན་ཏང་གི་རྗེས་སུ་འབྲངས་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བགྲོད་ལམ་དུ་བློ་བརྟན་འགྱུར་མེད་སྒོས་བསྐྱོད་དེ།  སེམས་མཐུན་གཅིག་མཐུན་གྱིས་མི་རིགས་མཐུན་སྒྲིལ་ལ་ཤུགས་བསྣན་ན།  དུས་ལྟར་བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་ཐུབ་པ་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་ཐུབ་ངེས། ཞི་ཅིན་ཕིང་གིས་རིགས་སོ་སོའི་མང་ཚོགས་ལ་བཀྲ་ཤིས་འཚམས་འདྲི་མཛད།

འདི་ནི་ཚེས22ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕིང་གིས་ལྷ་སའི་བར་སྐོར་གླིང་དུ་རྟོག་ཞིབ་མཛད་པའི་ཚུལ་རེད།

འདི་ནི་ཚེས22ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕིང་གིས་ཕོ་བྲང་པོ་ཏ་ལའི་ཐང་ཆེན་དུ། ཡུལ་སྐོར་བ་དང་མང་ཚོགས་ལ་བརྩེ་བའི་གསུང་གླེང་མཛད་པའི་ཚུལ་རེད།

ཉིན་དེའི་དགོང་མོར།  ཞི་ཅིན་ཕིང་གིས་བོད་ལྗོངས་མི་དམངས་ཚོགས་ཁང་ནས་རིགས་སོ་སོའི་ལས་བྱེད་མང་ཚོགས་དང་ལྷན་དུ་མི་རིགས་ཀྱི་རིག་རྩལ་འཁྲབ་སྟོན་ལ་གཟིགས།   སྙན་འཇེབས་ཀྱི་དམངས་གླུ་དང་ལྡེམ་མྱུར་གར་གྱི་སྟངས་སྟབས་ལས་བོད་ལྗོངས་ཀྱི་ཁྱད་ཆོས་ལྡན་པའི་རིག་གནས་ཀྱི་གསོན་ཉམས་མཚོན་པར་བྱས་ཤིང་།  བོད་ལྗོངས་མི་དམངས་ཀྱི་རིགས་སོ་སོའི་མང་ཚོགས་བློ་བརྟན་འགྱུར་མེད་ངང་ཏང་གི་རྗེས་སུ་འབྲངས་པ་དང་། ཐུན་མོང་གིས་སྔར་ལས་བདེ་སྐྱིད་རྫོགས་ལྡན་གྱི་འཚོ་བའི་དཔལ་ལ་རོལ་བའི་ཆོད་སེམས་མཚོན་པར་བྱས་ཡོད།

ཟླ་བདུན་པའི་ཚེས་ཉེར་གསུམ་ཉིན་གྱི་སྔ་དྲོར།  ཞི་ཅིན་ཕིང་གིས་བོད་རང་སྐྱོང་ལྗོངས་ཏང་ཨུ་དང་སྲིད་གཞུང་གི་བྱ་བའི་སྙན་ཞུར་གསན་ཏེ།   བོད་ལྗོངས་ཀྱི་ལས་རིགས་ཁག་གི་བྱ་བར་ཕུལ་དུ་བྱུང་བའི་གྲུབ་འབྲས་བླངས་པར་ཁས་ལེན་མཛད་པ་དང་།   རང་སྐྱོང་ལྗོངས་ཏང་ཨུ་དང་སྲིད་གཞུང་གིས་རྒྱ་ཆེའི་ལས་བྱེད་མང་ཚོགས་ལ་མཐུན་སྒྲིལ་སྣེ་ཁྲིད་དང་། སེམས་ཤུགས་གཅིག་སྒྲིལ། དཀའ་སྤྱད་མདུན་སྐྱོད་ཀྱིས་ཧུར་ཐག་སྒོས་མཐུན་སྒྲིལ་དང་འབྱོར་ཕྱུག དཔལ་ཡོན། འཆམ་མཐུན། མཛེས་སྡུག་བཅས་ཀྱི་་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་བ་འཛུགས་སྐྲུན་བྱེད་རྒྱུའི་ཐུགས་རེ་བཏོན།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན།  བོད་ལྗོངས་བྱ་བའི་དུས་རིམ་རང་བཞིན་གྱི་ཁྱད་ཆོས་ཡང་དག་པར་ངེས་པར་བྱས་ཏེ།  མང་ཚོགས་ཀྱི་བྱ་བ་ཏན་ཏིག་གིས་ལེགས་པར་བསྒྲུབ་དགོས་ཤིང་།   སྤྱི་ཚོགས་བཅོས་སྐྱོང་གི་ཆུ་ཚད་མཐོར་འདེགས།   རྒྱལ་ཁབ་བདེ་འཇགས་དང་སྤྱི་ཚོགས་གཏན་འཇགས།  མི་དམངས་བདེ་སྐྱིད་ཡོང་བར་ཁག་ཐེག་བྱེད་དགོས། མི་རིགས་མཐུན་སྒྲིལ་ཡར་ཐོན་དྲིལ་སྒྲོག་སློབ་གསོ་དེ་སྤྱི་ཚོགས་རིང་ལུགས་སྲོག་ཤིང་རིན་ཐང་ལྟ་བའི་སློབ་གསོ་དང་།  རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ།   ཁ་བྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་སློབ་གསོ། བོད་ལྗོངས་ཀྱི་གསར་རྙིང་བསྡུར་བའི་སློབ་གསོ། མར་ཁེ་སི་རིང་ལུགས་ཀྱི་རྒྱལ་ཁབ་ཀྱི་ལྟ་བ་དང་ལོ་རྒྱུས་ཀྱི་ལྟ་བ།  མི་རིགས་ཀྱི་ལྟ་བ།   རིག་གནས་ཀྱི་ལྟ་བ། ཆོས་ལུགས་ཀྱི་ལྟ་བ་བཅས་ཀྱི་སློབ་གསོ་དང་ཟུང་འབྲེལ་བྱས་ཏེ།  ཡུན་རིང་ཕན་པའི་འཐབ་ཇུས་མང་དུ་འགོད་པ་དང་། གཞི་རྩ་བརྟན་པའི་བྱེད་ཐབས་མང་དུ་ལག་བསྟར་བྱེད་དགོས།  མི་རིགས་ཀྱི་འབྲེལ་འདྲིས་བརྗེ་རེས་མཉམ་འདྲེས་ལ་ཤུགས་བསྣན་ཏེ།  རིགས་སོ་སོའི་མང་ཚོགས་ཀྱིས་རླབས་ཆེན་གྱི་མེས་རྒྱལ་དང་ཀྲུང་ཧྭ་མི་རིགས།   ཀྲུང་ཧྭའི་རིག་གནས།  ཀྲུང་གོ་གུང་ཁྲན་ཏང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བཅས་ལ་མོས་མཐུན་བྱེད་ཚད་རྒྱུན་མ་ཆད་པར་ཇེ་དྲག་ཏུ་བཏང་སྟེ།  མི་རིགས་མཐུན་སྒྲིལ་གྱི་བསམ་བློའི་རྨང་གཞི་བརྟན་པོ་འདིང་དགོས།

ཞི་ཅིན་ཕིང་གིས་བསྟན་དོན། བོད་ལྗོངས་ཀྱི་སྤུས་ལེགས་འཕེལ་རྒྱས་ལ་སྐུལ་འདེད་བྱས་ནས།  འཕེལ་རྒྱས་ཡོད་ཚད་ལ་མི་རིགས་མཐུན་སྒྲིལ་ཡར་ཐོན་ཀྱི་ནང་དོན་གྱིས་ཕྱུག་པར་བྱེད་པ་དང་། ཡོད་ཚད་ལ་དམངས་ཚིས་ལེགས་བཅོས་དང་མི་སེམས་གཅིག་སྡུད་ཀྱི་དོན་སྙིང་གིས་ཕྱུག་པར་བྱེད་པ། ཡོད་ཚད་རིགས་སོ་སོའི་མང་ཚོགས་ཀྱི་ཐོབ་ཚོར་དང་སྐྱིད་སྣང་། བདེ་སྣང་མཐོར་འདེགས་སུ་གཏོང་བར་ཕན་པར་བྱེད་དགོས།  དགེ་སྤེལ་སྐྱོན་སྤང་དང་ཡུལ་བབ་དང་བསྟུན་ནས། བཅོས་སྒྱུར་སྒོ་འབྱེད་ཟབ་སྤེལ་དང་། ལྕགས་ལམ་དང་གཞུང་ལམ། ད་དུང་རྨང་གཞིའི་སྒྲིག་བཀོད་གལ་ཆེན་གཞན་དག་འཛུགས་སྐྲུན་བྱེད་ཚད་ཇེ་མགྱོགས་སུ་གཏོང་བ་དང་།  ཁྱད་ལྡན་ཐོན་ལས་འཕེལ་རྒྱས་སུ་བཏང་ནས། རྒྱལ་ཁབ་ཀྱི་དག་གཙང་ནུས་ཁུངས་ཀྱི་རྟེན་གཞི་མྱུར་དུ་འཛུགས་སྐྲུན་བྱེད་པ་དང་།  འཕེལ་རྒྱས་དང་བདེ་འཇགས་ལ་གཅིག་གྱུར་འཆར་འགོད་བྱས་ཏེ་བོད་ལྗོངས་ཀྱི་དོན་དངོས་དང་འཚམ་པའི་སྤུས་ལེགས་འཕེལ་རྒྱས་ཀྱི་ལམ་དུ་བསྐྱོད་དགོས།

ཞི་ཅིན་ཕིང་གིས་བསྟན་དོན།   ལོ་འདི་འགའི་རིང་།    བོད་ལྗོངས་ཀྱི་རིགས་སོ་སོའི་མང་ཚོགས་ཀྱི་འཚོ་བ་དང་བསམ་པའི་ངོ་བོར་འགྱུར་ལྡོག་ཆེན་པོ་བྱུང་འདུག་སྟེ།  ང་སོང་ས་ཚང་མ་ནས་ཀུན་གྱིས་བདེ་སྐྱིད་རྫོགས་ལྡན་གྱི་འཚོ་བ་རོལ་བའི་སྤྲོ་བ་དང་།  ཏང་དང་རྒྱལ་ཁབ་ལ་བཅངས་པའི་དྲིན་གཟོའི་བརྩེ་བ་ཚོར་ཐུབ། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་རྒྱུན་འཁྱོངས་དང་།  དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དེ་ཁྱོན་ཡོངས་ནས་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་བྱེད་པ་གཉིས་ནུས་ལྡན་གྱིས་སྦྲེལ་མཐུད་བྱེད་དགོས་ཤིང་། དེ་བས་ཀྱང་མང་ཚོགས་ཀྱིས་ཕྱོགས་ཀུན་ནས་དོ་སྣང་བྱེད་པའི་དམངས་ཚིས་གནད་དོན་ལ་མཐོང་ཆེན་བྱེད་པ་དང་།  ལས་ཞུགས་དང་སློབ་གསོ།  སྤྱི་ཚོགས་འགན་སྲུང་།  སྨན་བཅོས།  རྒན་གསོ།  བྱིས་བཅོལ།  སྡོད་ཁང་སོགས་ཀྱི་དམངས་ཚིས་བྱ་བ་ལེགས་པོར་སྒྲུབ་པ་དང་།  དམངས་ཚིས་བྱ་བ་རེ་རེ་བཞིན་དོན་ཐོག་ཏུ་འཁྱོལ་བར་བྱས་ནས། རིགས་སོ་སོའི་མང་ཚོགས་ཀྱི་ཐོབ་ཚོར་སྔར་ལས་ཇེ་མང་དང་སྐྱིད་སྣང་སྔར་ལས་རྒྱུན་བསྲིང་བ། བདེ་སྣང་ལ་སྔར་ལས་འགན་སྲུང་ཡོད་པར་བྱེད་དགོས།  མཐའ་མཚམས་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་བསྣན་ནས། རིགས་སོ་སོའི་མང་ཚོགས་མཐའ་མཚམས་སུ་རྐང་ཚུགས་ཏེ་རྒྱལ་ཁབ་ཀྱི་མངའ་ཁོངས་ལ་སྲུང་སྐྱོང་བྱེད་པ་དང་ཕ་ཡུལ་འཛུགས་སྐྲུན་བྱེད་པར་སྐུལ་མ་གཏོང་དགོས།

ཞི་ཅིན་ཕིང་གིས་བསྟན་དོན།  བོད་ལྗོངས་ཀྱི་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་ལེགས་པོ་བྱས་ན། ཕན་ཁེ་རིང་ཞིང་སྐྱེ་འགྲོ་ཀུན་དྲིན་གྱིས་སྐྱོབ་ཐུབ་པས། སྔོ་ལྗང་གི་རི་ཆུ་ནི་གསེར་རི་དངུལ་རི་དང་གངས་རི་འཁྱགས་ཀླུང་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་སྲ་བརྟན་དུ་ཆགས་པར་བྱེད་པ་དང་།  འཐབ་ཇུས་ཀྱི་ངེས་ཤུགས་རྒྱུན་འཁྱོངས་བྱེད་པ།  སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་གི་ཆུ་ཚད་མཐོར་འདེགས་སུ་གཏོང་བ།  མདོ་དབུས་མཐོ་སྒང་གི་སྐྱེ་དངོས་སྣ་མང་ཅན་གྱི་སྲུང་སྐྱོབ་ལ་སྐུལ་འདེད་གཏོང་བ།  འགྱུར་བ་མེད་པར་སྐྱེ་ཁམས་སྔོན་འགྲོ་དང་ལྷད་མེད་འཕེལ་རྒྱས་ཀྱི་ལམ་དུ་བསྐྱོད་དེ།  ཧུར་ཐག་གིས་མི་དང་རང་བྱུང་ཁམས་བར་འཆམ་མཐུན་མཉམ་གནས་ཀྱི་དེང་རབས་ཅན་འཛུགས་སྐྲུན་དང་།  སའི་གོ་ལའི་གླིང་སྣེ་གསུམ་པའི་སྐྱེ་ཁམས་ལ་དངོས་སུ་སྲུང་སྐྱོབ་ལེགས་པོ་བྱེད་དགོས།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན།  ལོ་རྒྱུས་སྦྱངས་ནས་ལག་ལེན་དུ་བསྟར་བ་ནི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་རྐང་ཚུགས་ས་ཡིན་ལ།  ལོ་རྒྱུས་སྦྱངས་ནས་གནས་ལུགས་གསལ་རྟོགས་དང་ལོ་རྒྱུས་སྦྱངས་ནས་དད་སེམས་འཕེལ་བར་བྱེད་པ།  ལོ་རྒྱུས་སྦྱངས་ནས་སྤྱོད་བཟང་བསྟེན་པའི་གྲུབ་འབྲས་དེ་རང་སྣང་གི་འཇིག་རྟེན་དང་ཕྱི་ཡུལ་འཇིག་རྟེན་སྒྱུར་བཀོད་ཀྱི་དོན་དངོས་འགུལ་སྐྱོད་ལ་བསྒྱུར་དགོས། ཏང་གཤིས་སྦྱོང་བརྡར་སྟེང་ལག་ལེན་དུ་བསྟར་དགོས་ཏེ། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པར་ཏང་གི་སྲོལ་རྒྱུན་བཟང་བོ་དར་སྤེལ་བྱས་ཏེ།  གསར་བརྗེའི་ཁྲག་རྒྱུན་རྒྱུན་འཛིན་བྱེད་པར་སློབ་གསོ་ཁྲིད་སྟོན་བྱེད་པ་དང་།  རླབས་ཆེན་གྱི་ཏང་འཛུགས་སྙིང་སྟོབས་ཀྱིས་ཏང་གཤིས་བློ་སྦྱོང་ལ་གསོ་བཅུད་སྦྱིན་པ་དང་།  ཕུགས་འདུན་དད་མོས་བརྟན་པར་བྱེད་པ།  ཆབ་སྲིད་བརྡར་གཅོད་ནུས་པ་དང་།  ཆབ་སྲིད་ཤེས་རྟོགས་ནུས་པ།  ཆབ་སྲིད་ལག་བསྟར་ནུས་པ་བཅས་མུ་མཐུད་དུ་མཐོར་འདེགས་སུ་གཏོང་དགོས། རྒྱལ་ཁབ་ཀྱི་དོན་ཆེན་སེམས་སུ་འཇགས་པ་དང་།  མཐའ་གཅིག་ཏུ་ཏང་གཤིས་རྩ་དོན་ལ་བརྟེན་ནས་རང་གཅུན་དང་།  དོན་དམ་པས་ཏང་གཤིས་བརྟན་པོས་དམངས་ལ་ཡིད་ཆེས་ཡོད་པར་བྱེད་པ་དང་མང་ཚོགས་ལ་སྣེ་ཁྲིད་བྱེད་དགོས།  དམངས་ལ་ཞབས་ཕྱི་སྒྲུབ་པའི་སྟེང་ལག་ལེན་དུ་བསྟར་དགོས་ཏེ།  རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་མང་ཚོགས་མཐའ་གཅིག་ཏུ་མི་དམངས་སེམས་ཁོང་གི་ཆེས་མཐོ་བའི་གོ་གནས་སུ་འཇོག་པར་སློབ་གསོ་དང་ཁྲིད་སྟོན་བྱེད་དགོས་ལ།  མི་དམངས་མང་ཚོགས་ཀྱི་བློས་ཐུབ་མཁན་དང་སྙིང་ཉེ་མཁན།  སྣེ་ཁྲིད་མཁན་བཅས་བཟང་བོ་བྱས་ཏེ།  བརྩེ་བ་ཟབ་མོས་མང་ཚོགས་ཀྱི་དཀའ་ཁག་ཐག་གཅོད་དང་།  ཧུར་ཐག་གིས་དམངས་ཡོངས་ཐུན་མོང་འབྱོར་ཕྱུག་ཐད་སྔར་ལས་མངོན་གསལ་གྱི་ངོ་བོ་རང་བཞིན་གྱི་འཕེལ་རིམ་ཡོད་པར་སྐུལ་འདེད་བྱེད་དགོས།  འཕེལ་རྒྱས་ལ་སྐུལ་འདེད་བྱེད་པའི་སྟེང་ལག་ལེན་དུ་བསྟར་དགོས་ཏེ།   ཏང་ཡོན་དང་ལས་བྱེད་པས་ཏང་གི་ལོ་རྒྱུས་སློབ་སྦྱོང་དང་བྱ་བ་ཡར་སྐུལ་གཉིས་ཟུང་འབྲེལ་བྱེད་པར་སློབ་གསོ་དང་ཁྲིད་སྟོན་བྱེད་པ་དང་།  དངོས་གཉེར་བདེན་འཚོལ་དང་འགན་འཁྲི་ཁག་ཁུར་རྒྱུན་འཁྱོངས་བྱེད་པ།  གསར་གཏོད་རང་བཞིན་གྱིས་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་དངོས་འབེབས་བྱེད་པ།  ཤུགས་ཆེན་པོས་འཕེལ་རྒྱས་ཀྱི་དཀའ་གནད་སེལ་བ་དང་འཕེལ་རྒྱས་ཀྱི་དགེ་མཚན་གསོ་སྐྱོང་བྱས་ནས།  ཧུར་ཐག་གིས་ཏང་དང་མི་དམངས།  ལོ་རྒྱུས།  དུས་རབས་བཅས་ལ་ངོ་གནོང་མི་དགོས་པའི་བྱས་རྗེས་གསར་བ་འཇོག་དགོས།

ཞི་ཅིན་ཕིང་གིས་བསྟན་དོན།  ཏང་ཀྲུང་དབྱང་གིས་བོད་ལྗོངས་ཀྱི་ལས་བྱེད་པ་དང་ལས་བཟོ་བར་ཐུགས་ཁུར་ཆེན་པོ་བྱེད་བཞིན་ཡོད་ལ།  བོད་ལྗོངས་ཀྱི་དཀའ་ཁག་ཆེ་བའི་བྱ་བ་དང་འཚོ་བར་གཞིགས་ནས།  དམིགས་བསལ་གྱི་གླ་ཕོགས་དང་འབྲེལ་ཡོད་ཀྱི་ཁེ་ཕན་སྲིད་ཇུས་གཏན་འབེབས་བྱས་ཡོད་པ་དག་དངོས་སུ་ལག་བསྟར་དངོས་འབེབས་བྱས་ཏེ།  ལས་བྱེད་པ་དང་ལས་བཟོ་བའི་བདེ་ཐང་འགན་སྲུང་བྱ་བར་བརྩི་མཐོང་བྱེད་དགོས་པ་དང་།  ལས་བྱེད་པ་དང་ལས་བཟོ་བའི་མ་འོངས་པའི་སེམས་ཁྲལ་ཐག་གཅོད་ལེགས་པོ་བྱེད་དགོས།

ཡར་ཞུའི་ཚོགས་འདུའི་སྔོན་ལ།  ཞི་ཅིན་ཕིང་གིས་བོད་རང་སྐྱོང་ལྗོངས་དང་། དེ་མིན་འབྲེལ་ཡོད་སྡེ་ཁག ས་གནས་དང་གྲོང་ཁྱེར་སོ་སོའི་འགན་ཁུར་བློ་མཐུན་དང་བློ་མཐུན་རྒན་པའི་འཐུས་མི།  རིགས་སོ་སོ་དང་ལས་རིགས་སོ་སོའི་འཐུས་མི།  བོད་ལྗོངས་ལ་རོགས་སྐྱོར་བྱེད་པའི་ལས་བྱེད་པའི་འཐུས་མི། སྲིད་ཁྲིམས་ལས་བྱེད་ཉེན་རྟོག་གི་འཐུས་མི།  ཆོས་ལུགས་ལས་རིགས་ཀྱི་རྒྱལ་གཅེས་མི་སྣའི་འཐུས་མི་བཅས་ལ་མཇལ་འཕྲད་གནང་།  ཞི་ཅིན་ཕིང་གིས་ཏང་ཀྲུང་དབྱང་གི་ཚབ་མཛད་དེ་གངས་ལྗོངས་མཐོ་སྒང་དུ་འབད་བརྩོན་བྱེད་བཞིན་པའི་རྒྱ་ཆེའི་བློ་མཐུན་རྣམས་ལ་ལྷག་བསམ་རྣམ་དག་གིས་འཚམས་འདྲི་ཞུས།

འདི་ནི་ཚེས23ཉིན་གྱི་སྔ་དྲོར། ཞི་ཅིན་ཕིང་གིས་ལྷ་ས་ནས་བོད་ལྗོངས་བཅའ་སྡོད་དམག་དཔུང་གི་དཔོན་དམག་གི་འཐུས་མི་ལ་བརྩེ་བའི་མཇལ་འཕྲད་གནང་བའི་མཉམ་པར་རེད།

ད་ལྟ་རྒྱལ་ཡོངས་སུ་ཆུ་ལོག་སྔོན་འགོག་བྱེད་པའི་གནད་འགག་གི་དུས་སྐབས་ལ་ཁེལ་ཡོད། རྟོག་ཞིབ་ཀྱི་ལམ་ཁར། ཞི་ཅིན་ཕིང་གིས་ཧི་ནན་དུ་དྲག་ཆར་བབས་པའི་གནས་ཚུལ་ཐོས་པ་ན། དེ་འཕྲལ་མཛུབ་སྟོན་གལ་ཆེན་གནང་སྟེ། ནམ་ཡང་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ཨང་དང་པོར་བཞག་ནས་མགྱོགས་མྱུར་སྒོས་སྟོབས་ཤུགས་རྩ་འཛུགས་བྱས་ཏེ། ཆུ་ལོག་སྔོན་འགོག་དང་རྒུད་སྐྱོབ་བྱེད་དགོས་ཤིང་། གནོད་ཐེབས་མང་ཚོགས་ལེགས་པར་བཀོད་སྒྲིག་བྱས་ནས་གནོད་འཚེ་ཡང་བསྐྱར་འབྱུང་བར་ནན་འགོག་བྱེད་པ་དང་། མི་སྣ་ཤི་རྨས་དང་རྒྱུ་ནོར་གྱོང་གུན་ཅི་ནུས་གང་ནུས་ཀྱིས་ཇེ་ཉུང་དུ་གཏོང་དགོས་པར་བསྟན། ཞི་ཅིན་ཕིང་གིས་བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་དཔུང་སྡེ་ཡིས་ཧུར་ཐག་གིས་ས་གནས་ལ་རམ་འདེགས་བྱས་ནས་མྱུར་སྐྱོབ་གནོད་སེལ་གྱི་བྱ་བ་སྒྲུབ་དགོས་པ་དང་། རྒྱལ་ཁབ་ཞོད་འགོག་ཐན་འགོག་སྤྱི་ཁྱབ་བཀོད་འདོམས་པུའུ་དང་འཕྲལ་བསྟུན་དོ་དམ་པུའུ། ཆུ་བེད་པུའུ། འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་བཅས་ཀྱིས་གཅིག་གྱུར་འཆར་འགོད་དང་མཐུན་སྦྱོར་ཤུགས་སྣོན་བྱས་ཏེ། གནམ་གཤིས་ལྟ་ཞིབ་ཚད་ལེན་དང་གནམ་གཤིས་སྔོན་བརྡ་གཏོང་བ། ས་གཤིས་གནོད་འཚེའི་དཔྱད་འཇོག་བཅས་ལ་ཤུགས་སྣོན་དགོས་པ་དང་། ཆུ་ལོག་སྔོན་འགོག་དང་རྒུད་སྐྱོབ་ཀྱི་བྱ་བ་སོ་སོ་ཞིབ་ཏུ་དམ་འཛིན་བྱེད་དགོས། ས་ཁུལ་སོ་སོ་དང་ལས་ཁུངས་སོ་སོས་དངོས་སུ་བྱ་བ་སོ་སོ་ལེགས་པར་སྒྲུབ་སྟེ། གང་མགྱོགས་ཀྱིས་ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་སླར་གསོ་བྱེད་པ་དང་། གནོད་ཐེབས་མང་ཚོགས་ལ་རོགས་སྐྱོབ་དང་འཕྲོད་བསྟེན་རིམས་འགོག་ལེགས་པར་སྒྲུབ་པ་དང་། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བར་མཐོང་ཆེན་བྱེད་དགོས། བོད་ལྗོངས་ཀྱིས་ཀྱང་བླང་བྱ་འདི་དག་ལེགས་པར་དོན་འཁྱོལ་བྱེད་དགོས་ལ་རང་བྱུང་གནོད་འཚེ་སྔོན་འགོག་དང་ཐག་གཅོད་བྱ་བ་ལེགས་པར་སྒྲུབ་དགོས།

རྩོམ་སྒྲིག་འགན་ཁུར་བ། ཕྱུག་ལོ། 

ལྟ་སྐུལ་བ། དབྱངས་ཅན། 

སྤྱིའི་ལྟ་སྐུལ་བ། ཆོས་ཕྱུག་རྒྱལ།