ཞིང་ཆེན་པྲོག་གསར་གློ་ཚད་རིམས་ནད་འགོག་སྲུང་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ཡི་བརྙན་རིས་གྲོས་ཚོགས་ཐེངས་ཉེར་དགུ་བ་འཚོགས།
2021.07.30 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 18

ཟླ་བདུན་པའི་ཚེས་ཉེར་དགུ་ཉིན། ཞིང་ཆེན་པྲོག་གསར་གློ་ཚད་རིམས་ནད་འགོག་སྲུང་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ཡི་བརྙན་རིས་གྲོས་ཚོགས་ཐེངས་ཉེར་དགུ་བ་འཚོགས། ཚོགས་ཐོག་ནས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་དང་དངོས་འབེབས་བཟང་བོ་བྱས་ཤིང་། རྒྱལ་སྲིད་སྤྱི་ཁྱབ་ཁང་པྲོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་འཇལ་བའི་མཉམ་འགོག་མཉམ་སྲུང་རྐྱེན་སྲོལ་ཕྱོགས་བསྡུས་ཚན་ཁག་གིས་ཟླ་བདུན་པའི་ཚེས་ཉེར་བརྒྱད་ཉིན་བསྡུས་པའི་བརྙན་རིས་གྲོས་ཚོགས་ཀྱི་དགོངས་དོན་དང་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཅན་ཅུན་དང་ཧྲིན་ཀྲང་ཞིན་ཁྲང་ཞིང་གཉིས་ཀྱིས་བཏོན་པའི་བྱ་བའི་བླང་བྱ་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ་དང་། ཞིང་ཆེན་ཡོངས་ཀྱི་རིམས་ནད་འགོག་བཅོས་གནས་བབ་ལ་དབྱེ་ཞིབ་དང་བརྡར་ཤ་བཅད་པར་མ་ཟད། དེང་སྐབས་རིམས་ནད་འགོག་བཅོས་དང་འགོག་སྨན་བརྒྱག་པའི་བྱ་བ་བཟང་བོར་བསྒྲུབ་པའི་ཐད་ལ་བཀོད་སྒྲིག་བྱས། ཧྲིན་ཀྲང་གཞོན་པ། ཞིང་ཆེན་པྲོག་གསར་གློ་ཚད་རིམས་ནད་འགོག་སྲུང་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ཡི་བཀོད་འདོམས་དཔོན་པོ་གཞོན་པ་ཁོང་ཡུང་ཚོགས་འདུར་ཞུགས་ནས་གཏམ་བཤད།

ཚོགས་ཐོག་ནས་བསྟན་དོན། ས་གནས་སོ་སོ་དང་ལས་ཁུངས་སོ་སོས་སྟོབས་ཤུགས་ཡོད་རྒུ་བཏོན་ཏེ་རིམས་ནད་འགོག་བཅོས་ཀྱི་བྱ་བ་གཙོ་བོ་བཟང་བོར་བསྒྲུབ་དགོས། འཕྲལ་བསྟུན་བཀོད་འདོམས་མ་ལག་འཐུས་ཚང་དུ་ བཏང་ནས་རིམས་ནད་གནས་ཚུལ་དུས་ལྟར་ཡར་ཞུ་བྱེད་པའི་ལམ་ལུགས་ལག་བསྟར་བྱེད་དགོས། མཐུན་སྦྱོར་ཞིབ་བཤེར་རྐྱེན་སྲོལ་ལེགས་སྒྱུར་བྱེད་པ་དང་། མཐུན་སྦྱོར་ཞིབ་བཤེར་ནུས་པ་འདོན་སྤེལ་བྱས་ནས། ཉེན་ཚད་མཐོ་འབྲིང་ས་ཁུལ་ནས་མཚོ་སྔོན་ལ་ཡོང་བའི་མི་སྣར་ཞིབ་བཤེར་བྱེད་པའི་བྱ་བ་བཟང་བོར་བསྒྲུབ་དགོས། ས་ཚིགས་གཉིས་དང་ཚོགས་ར་གཅིག་གི་རིམས་ནད་འགོག་བཅོས་བྱེད་ཐབས་ཁྱོན་ཡོངས་ནས་མཐོར་འདེགས་སུ་གཏོང་བ་དང་། གཅིག་སྡུད་ལོགས་བཀར་བྱེད་སའི་ཚད་ལྡན་ཅན་གྱི་དོ་དམ་ནུས་པ་ཇེ་ཆེར་གཏོང་དགོས་ལ། ཆུས་གསུམ་དང་སྲང་ལམ་གཉིས་དང་མི་སྣ་རིགས་བཀར་ལོགས་བཀར་སོགས་ཀྱི་བྱེད་ཐབས་ཞིབ་ཕྲ་སྒོས་དངོས་འབེབས་བྱེད་པ་དང་། ཚོགས་ར་གཙོ་བོའི་དོ་དམ་དང་ཚོད་འཛིན་ནུས་པ་ཇེ་ཆེར་གཏོང་དགོས། འགོག་སྨན་བརྒྱག་པ་དང་སྲིད་ཇུས་དྲིལ་སྒྲོག་བྱ་བར་གཙིགས་འཛིན་བྱས་ནས། འགོག་སྨན་བརྒྱག་པའི་བྱ་བ་བཟང་བོར་བསྒྲུབ་དགོས། རིམས་ནད་འགོག་བཅོས་ཀྱི་ཁོངས་གཏོགས་ས་གནས་ཀྱི་འགན་འཁྲི་དང་ལས་རིགས་འགན་འཁྲི། ལས་ཁུངས་ཀྱི་འགན་འཁྲི། མི་སྒེར་གྱི་འགན་འཁྲི་བཅས་དངོས་འབེབས་ནན་མོ་བྱས་ནས། རིམས་ནད་འགོག་བཅོས་ཀྱི་སྟོབས་ལྡན་འགོག་རགས་སྲ་བརྟན་དུ་གཏོང་དགོས་ཟེར།

                                                                                                           བཀྲ་ཤིས་འབུམ་གྱིས་བསྒྱུར།