ཝང་ཡུང་གིས་ཧི་ནན་ཞིང་ཆེན་དུ་ཞོད་འགོག་རྒུད་སྐྱོབ་དང་གནོད་ཐེབས་མང་ཚོགས་བཀོད་སྒྲིག་སོགས་ཀྱི་བྱ་བར་ཞིབ་བཤེར་དང་མཛུབ་སྟོན་བྱས།
2021.08.04 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 59

ཉེ་ལམ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མངག་བཅོལ་ལྟར། རྒྱལ་སྲིད་ཨུ་ཡོན། རྒྱལ་ཁབ་ཞོད་འགོག་རྒུད་སྐྱོབ་སྤྱིའི་བཀོད་འདོམས་པུའུ་ཡི་སྤྱི་ཁྱབ་བཀོད་འདོམས་པ་ཝང་ཡུང་གིས་ཧི་ནན་ཞིང་ཆེན་དུ་ཞོད་འགོག་རྒུད་སྐྱོབ་དང་གནོད་ཐེབས་མང་ཚོགས་བཀོད་སྒྲིག་སོགས་ཀྱི་བྱ་བར་ཞིབ་བཤེར་དང་མཛུབ་སྟོན་བྱས། ཁོས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཞོད་འགོག་རྒུད་སྐྱོབ་བྱ་བའི་སྐོར་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་ནན་མོ་བྱས་ཏེ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་དང་བཀོད་སྒྲིག་ལྟར། མི་དམངས་བླ་ན་མེད་པ་དང་ཚེ་སྲོག་བླ་ན་མེད་པ་རྒྱུན་འཁྱོངས་བྱེད་པ་དང་། ཏན་ཏིག་སྒོས་གནོད་ཐེབས་མང་ཚོགས་བཀོད་སྒྲིག་དང་རོགས་སྐྱོར་བྱ་བ་བཟང་བོར་བསྒྲུབ་དགོས་ལ། རྒུད་སྐྱོབ་རོགས་སྐྱོར་དང་མྱུར་གསོ་བསྐྱར་འཛུགས་ཤུགས་ཚད་ཇེ་ཆེར་གཏོང་བ་དང་། གནོད་ཁུལ་གྱི་ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་མྱུར་དུ་སླར་གསོ་བྱེད་དགོས་ཟེར།

ཞིབ་བཤེར་དང་མཛུབ་སྟོན་བྱེད་སྐབས། ཝང་ཡུང་གིས་གྲོས་ཚོགས་བསྡུས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཞོད་འགོག་རྒུད་སྐྱོབ་བྱ་བའི་སྐོར་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་ཙུང་ལི་ལིས་ཁི་ཆང་གི་བཀོད་སྒྲིག་རེ་བ་སློབ་སྦྱོང་དང་ལག་བསྟར་བྱས་ཏེ། ཧི་ནན་དང་འབྲེལ་ཡོད་ལས་ཁུངས་ཀྱི་ཞོད་འགོག་རྒུད་སྐྱོབ་གནས་ཚུལ་ཡར་ཞུ་བྱས་པར་ཉན། ཁོས་བསྟན་དོན། སྟོབས་ཤུགས་ཡོད་རྒུ་བཏོན་ནས་གནོད་ཐེབས་མང་ཚོགས་ཀྱི་བཀོད་སྒྲིག་རྒུད་སྐྱོབ་དང་རིམས་ནད་འགོག་བཅོས་བྱ་བ་བཟང་བོར་བསྒྲུབ་པ་དང་། གནོད་ཐེབས་ཁྲོད་རྐྱེན་ལམ་དུ་ཤོར་བ་དང་གར་སོང་མི་ཤེས་པ། རྨས་ཕོག་རྗེས་ཀྱི་བྱ་བ་ཞིབ་ཕྲ་སྒོས་བསྒྲུབ་དགོས་ལ། མང་ཚོགས་ལ་རོགས་རམ་བྱས་ཏེ་དོན་དངོས་ཀྱི་དཀའ་ངལ་སེལ་རོགས་བྱས་ནས། གནོད་ཐེབས་རྗེས་སུ་ཡང་བསྐྱར་དབུལ་ཕོངས་སུ་འགྲོ་བ་དང་རིམས་ནད་བྱུང་ཚད་ཚབས་ཆེན་དུ་འགྱུར་བ་གཏན་འགོག་བྱེད་དགོས། རྒྱལ་ཁབ་ཞོད་འགོག་རྒུད་སྐྱོབ་སྤྱིའི་བཀོད་འདོམས་པུའུ་དང་འབྲེལ་ཡོད་ལས་ཁུངས་སོ་སོས་རང་འགུལ་སྒོས་གནོད་ཁུལ་གྱི་དགོས་མཁོ་དང་འབྲེལ་མཐུད་བྱས་ཏེ། ལག་རྩལ་དང་མ་དངུལ། ལས་གཞིའི་འཆར་འགོད། སླར་གསོ་བསྐྱར་འཛུགས་སོགས་ཕྱོགས་སུ་མཛུབ་སྟོན་དང་རོགས་སྐྱོར་ཆེན་པོ་བྱེད་དགོས་ཟེར།

                                                                                              བཀྲ་ཤིས་འབུམ་གྱིས་བསྒྱུར།