ཞི་ཅིན་ཕིང་ཧྲང་ཧེ་མཉམ་ལས་རྩ་འཛུགས་ཁོངས་གཏོགས་རྒྱལ་ཁབ་ཀྱི་མགོ་གཙོའི་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཚོགས་ཐེངས་ཉེར་གཅིག་པར་ཞུགས་པར་མ་ཟད་གསུང་བཤད་གལ་ཆེན་གནང་།
2021.09.18 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 23


ཟླ་དགུ་བའི་ཚེས་བཅུ་བདུན་ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་པེ་ཅིང་ནས་བརྙན་རིས་བརྒྱུད་དེ་ཧྲང་ཧེ་མཉམ་ལས་རྩ་འཛུགས་ཁོངས་གཏོགས་རྒྱལ་ཁབ་ཀྱི་མགོ་གཙོའི་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཚོགས་ཐེངས་ཉེར་གཅིག་པར་ཞུགས་པར་མ་ཟད་གསུང་བཤད་གལ་ཆེན་གནང་།


རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཚེས་བཅུ་བདུན་ཉིན་གྱི་ཕྱི་དྲོར་པེ་ཅིང་ནས་བརྙན་རིས་བརྒྱུད་དེ་ཧྲང་ཧེ་མཉམ་ལས་རྩ་འཛུགས་ཁོངས་གཏོགས་རྒྱལ་ཁབ་ཀྱི་མགོ་གཙོའི་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཚོགས་ཐེངས་ཉེར་གཅིག་པར་ཞུགས་པར་མ་ཟད་ཁ་ཡིག་ལ་ཐོག་མའི་སེམས་འདུན་མི་བརྗེད་པར་མུ་མཐུད་དུ་མདུན་སྐྱོད་བྱས་ཏེ། ཧྲང་ཧེ་མཉམ་ལས་རྩ་འཛུགས་འཕེལ་རྒྱས་ཀྱི་བགྲོད་ལམ་གསར་བར་སྐྱོད་མགོ་རྩོམ་དགོས་ཞེས་པའི་གསུང་བཤད་གལ་ཆེན་གནང་།

ཞི་ཅིན་ཕིང་གིས་བསྟན་དོན། ཧྲང་ཧེ་མཉམ་ལས་རྩ་འཛུགས་དེ་ལོ་རྒྱུས་ཀྱི་མགོ་ཚུགས་ས་གསར་བའི་སྟེང་ལངས་འདུག ང་ཚོས་ཧྲང་ཧེའི་སྙིང་སྟོབས་ཀྱི་དར་ཆ་མཐོན་པོར་བསྒྲེང་སྟེ་རྒྱལ་སྤྱིའི་འབྲེལ་བ་དམངས་གཙོ་ཅན་གྱི་ལོ་རྒྱུས་རླབས་རྒྱུན་ཁྲོད་དུ་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་བོར་ཤེས་པར་བྱེད་པ་དང་། མིའི་རིགས་ཀྱི་ཐུན་མོང་འཕེལ་རྒྱས་ཀྱི་ཆགས་སྟངས་ཆེན་པོའི་ཁྲོད་དུ་རང་སྟེང་གི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ལ། སྔར་ལས་དམ་པོའི་ཧྲང་ཧེ་མཉམ་ལས་རྩ་འཛུགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་གསར་སྐྲུན་བྱས་ནས། འཛམ་གླིང་ཡུན་རིང་ཞི་བདེ་དང་མཉམ་དུ་དར་རྒྱས་གོང་འཕེལ་དུ་འགྲོ་བར་བྱས་རྗེས་ཆེན་པོ་འཇོག་དགོས། ཞི་ཅིན་ཕིང་གིས་གྲོས་གཞི་ལྔ་བཏོན།

གཅིག མཐུན་སྒྲིལ་མཉམ་ལས་ཀྱི་བགྲོད་ལམ་དུ་བསྐྱོད་དགོས། གཉིས། བདེ་སྡུག་མཉམ་འཁུར་གྱི་བགྲོད་ལམ་དུ་བསྐྱོད་དགོས། གསུམ། སྒོ་འབྱེད་མཉམ་འབྲེལ་གྱི་བགྲོད་ལམ་དུ་བསྐྱོད་དགོས། བཞི། ཕན་ཚུན་སློབ་སྦྱོང་དང་དཔྱད་གཞིར་འཛིན་པའི་བགྲོད་ལམ་དུ་བསྐྱོད་དགོས། ལྔ། འདྲ་མཉམ་དྲང་གཞག་གི་བགྲོད་ལམ་དུ་བསྐྱོད་དགོས་པ་བཅས་རེད།

ཞི་ཅིན་ཕིང་གིས་བསྟན་དོན། སྔར་ལས་སྟོབས་ལྡན་དུ་འགྱུར་བཞིན་པའི་ཧྲང་ཧེ་མཉམ་ལས་རྩ་འཛུགས་ཁྱིམ་གཞི་ཆེན་པོས་འཛམ་གླིང་སྟེང་དུ་ཡར་ཐོན་འགྲོ་བཞིན་པའི་རྒྱལ་ཁབ་དང་ལག་རྡང་སྦྲེལ་ཏེ། མཉམ་དུ་འཛམ་གླིང་ཞི་བདེ་ཡི་འཛུགས་སྐྲུན་མཁན་དང་འཛམ་གླིང་འཕེལ་རྒྱས་ཐད་བྱས་རྗེས་འཇོག་མཁན། རྒྱལ་སྤྱིའི་སྒྲིག་ལམ་གྱི་སྲུང་སྐྱོབ་མཁན་བྱེད་ཐུབ་པར་ཡིད་ཆེས་ཡོད་ཟེར།

ཧྲང་ཧེ་མཉམ་ལས་རྩ་འཛུགས་ཀྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཐ་ཅི་ཁི་སི་ཐན་གྱི་ཙུང་ཐུང་ལ་ཧི་མན་གྱིས་གྲོས་ཚོགས་ལ་མགོ་འཛིན་བྱས། ཚོགས་འདུར་ཞུགས་པའི་མགོ་ཁྲིད་པས་བཤད་དོན། ཧྲང་ཧེའི་སྙིང་སྟོབས་མུ་མཐུད་དུ་རྒྱུན་འཁྱོངས་བྱས་ཏེ། ཕན་ཚུན་ལ་བརྩི་འཇོག་དང་ཕན་ཚུན་ལ་རྒྱབ་སྐྱོར་བྱེད་པ་དང་། འདྲ་མཉམ་གཉིས་ཕན་གྱི་གྲོགས་པོའི་འབྲེལ་བ་གསར་སྐྲུན་བྱེད་དགོས་ལ། ཐུན་མོང་གི་ཁེ་ཕན་སྲུང་སྐྱོབ་བྱེད་པ་དང་མཉམ་ལས་བྱས་ནས་གནས་བབ་གསར་བ་དང་འགྲན་རྩོད་གསར་བར་ཁ་གཏད་འཇལ་ཞིང་ཧྲང་ཧེ་མཉམ་ལས་རྩ་འཛུགས་རྒྱུན་མཐུད་དང་བརྟན་འཇགས་སྒོས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་བ་དང་། ས་གནས་ཡོངས་ཁྱབ་ཏུ་བདེ་འཇགས་ཡིན་པ་དང་མཉམ་དུ་དར་རྒྱས་སུ་འགྲོ་བར་སྐུལ་འདེད་བཏང་ནས། རྣམ་པ་གསར་བའི་རྒྱལ་སྤྱིའི་འབྲེལ་བ་དང་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་གསར་སྐྲུན་བྱེད་པར་སྐུལ་འདེད་གཏོང་དགོས་ངེས་ཡིན་ཟེར།

ཏེན་ཞའོ་ཞང་དང་དབྱང་ཅེ་ཁྲི། ཧི་ལིས་ཧྥིན་སོགས་གྲོས་ཚོགས་ལ་ཞུགས།

                                                                                                      བཀྲ་ཤིས་འབུམ་གྱིས་བསྒྱུར།