ཞི་ཅིན་ཕིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་སྐབས་དོན་དྲུག་པའི་སྤྱིར་བཏང་རང་བཞིན་གྱི་རྩོད་གླེང་ལ་ཞུགས་ཏེ་གསུང་བཤད་གལ་ཆེན་གནང་།
2021.09.22 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཟླ་དགུ་པའི་ཚེས་ཉེར་གཅིག་ཉིན་པེ་ཅིང་དུ་བརྙན་ལམ་བརྒྱུད་དེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་སྐབས་དོན་དྲུག་པའི་སྤྱིར་བཏང་རང་བཞིན་གྱི་རྩོད་གླེང་ལ་ཞུགས་ཏེ། ཡིད་ཆེས་བརྟན་གཏོང་དང་དཀའ་ངལ་མཉམ་སེལ་བྱས་ཏེ་མཛེས་པའི་འཛམ་གླིང་མཉམ་སྐྲུན་བྱེད་དགོས་ཞེས་པ་བརྗོད་གཞིར་བཟུང་ནས་གསུང་བཤད་གལ་ཆེན་གནང་།

རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཟླ་དགུ་པའི་ཚེས་ཉེར་གཅིག་ཉིན་པེ་ཅིང་དུ་བརྙན་ལམ་བརྒྱུད་དེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་སྐབས་དོན་དྲུག་པའི་སྤྱིར་བཏང་རང་བཞིན་གྱི་རྩོད་གླེང་ལ་ཞུགས་ཏེ། ཡིད་ཆེས་བརྟན་གཏོང་དང་དཀའ་ངལ་མཉམ་སེལ་བྱས་ཏེ་མཛེས་པའི་འཛམ་གླིང་མཉམ་སྐྲུན་བྱེད་དགོས་ཞེས་པ་བརྗོད་གཞིར་བཟུང་ནས་གསུང་བཤད་གལ་ཆེན་གནང་།

ཞི་ཅིན་ཕིང་གིས་བསྟན་དོན། ད་ལོ་ནི་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར་བརྒྱ་ལོན་པའི་ལོ་ཡིན་ལ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁྲིམས་མཐུན་གདན་ཐོབ་སླར་གསོ་བྱས་ཏེ་ལོ་ལྔ་བཅུ་འཁོར་བའི་ལོ་ཡིན་པས། ཀྲུང་གོས་ལོ་རྒྱུས་རང་བཞིན་གྱི་དོན་དག་འདི་ལ་རྗེས་དྲན་གཟབ་རྒྱས་བྱེད་ངེས་ཡིན། ང་ཚོས་མུ་མཐུད་དུ་ཀྲུང་གོ་མཉམ་འབྲེལ་རྒྱལ་ཚོགས་དང་ལྷན་དུ་སྐས་རིམ་གསར་པའི་ཕྱོགས་སུ་གོམ་ཁ་བསྒྱུར་ནས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་བླ་ན་མེད་པའི་བྱ་གཞག་ལ་བྱས་རྗེས་སྔར་ལས་ཆེན་པོ་འཇོག་རྒྱུ་ཡིན།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ལོ་གཅིག་གི་སྔོན་ལ། རྒྱལ་ཁབ་སོ་སོའི་འགོ་ཁྲིད་པ་རྣམས་མཉམ་དུ་མཉམ་འབྲེལ་རྒྱལ་ཚོགས་དབུ་བརྙེས་ནས་ལོ་འཁོར་དོན་ལྔ་ལོན་པའི་མཐོ་རིམ་གྲོས་ཚོགས་རབས་དང་རིམ་པར་ཞུགས་ཏེ། མཉམ་དུ་རིམས་ནད་འགོག་སྡོམ་དང་འགྲན་རྩོད་ཅི་རིགས་ལ་ཁ་གཏད་འཇལ་བ། ཕྱོགས་མང་རིང་ལུགས་རྒྱུན་འཁྱོངས་བྱེད་པ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་བྱེད་ནུས་ལ་ཤུགས་སྣོན་པ་བཅས་ལ་འབད་དེ། འཛམ་གླིང་གི་ཕྱི་རབས་པ་ཐུན་མོང་ལ་དབང་བའི་མ་འོངས་པ་བསྐྲུན་པར་དམ་བཅས། འདས་པའི་ལོ་གཅིག་གི་རིང་ལ། འཛམ་གླིང་ལ་ལོ་བརྒྱའི་རིང་བྱུང་མ་མྱོང་བའི་འགྱུར་ལྡོག་བྱུང་བ་དང་པྲོག་གསར་གློ་ཚད་རིམས་ནད་འཛམ་གླིང་གི་ཡུལ་གྲུ་གང་སར་མཆེད་དེ་ཤུགས་རྐྱེན་ཆེན་པོ་བཟོས། རྒྱལ་ཁབ་སོ་སོའི་མི་དམངས་ཀྱིས་ཞི་བདེ་འཕེལ་རྒྱས་ལ་རེ་ལྟོས་སྔར་ལས་ཆེན་པོ་བྱེད་ཀྱིན་ཡོད་ཅིང་། འདྲ་མཉམ་དྲང་བདེན་གྱི་འབོད་སྐུལ་ཡང་སྔར་ལས་ཇེ་དྲག་ཏུ་སོང་ཡོད་ལ། མཉམ་ལས་གཉིས་རྒྱལ་གྱི་རེ་སྙེག་ཀྱང་སྔར་ལས་ཇེ་བརྟན་དུ་སོང་ཡོད།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། མིག་སྔར་རིམས་ནད་སྔར་བཞིན་འཛམ་གླིང་གི་ཡུལ་གྲུ་གང་སར་ཚབས་ཆེན་པོས་མཆེད་ཀྱིན་ཡོད་པར་རྐྱེན་བྱས་ཏེ། མིའི་རིགས་ཀྱི་སྤྱི་ཚོགས་ལ་འགྱུར་བ་ཆེན་པོ་བཟོས་པར་བརྟེན། མིག་སྔའི་འཛམ་གླིང་འདི་ཉིད་ཟིང་ཆའི་འཕོ་འགྱུར་གྱི་དུས་སྐབས་སུ་ཚུད། དེ་བས། འགན་འཁྲི་ཡོད་པའི་ཆབ་སྲིད་པ་རེ་རེ་ཡིས་ཅིས་ཀྱང་ཡིད་ཆེས་དང་དཔའ་སྤོབས་ཆེན་པོ། ཁག་ཁུར་བཅས་ཀྱི་བློ་སྔོན་དུ་སོང་ནས། དུས་རབས་ཀྱི་གནད་དོན་ལ་ཨ་ལན་སྟེར་དགོས་པར་མ་ཟད། ལོ་རྒྱུས་ཀྱི་གདམ་ག་མ་ནོར་བ་བྱེད་དགོས།

གཅིག་ནས་ང་ཚོས་ངེས་པར་དུ་རིམས་ནད་ལས་རྣམ་པར་རྒྱལ་བར་འབད་དེ། མིའི་རིགས་ཀྱི་མདུན་ལམ་དང་ལས་དབང་ལ་འབྲེལ་བ་དམ་ཟབ་ཡོད་པའི་འཐབ་རྩོད་ཆེན་པོ་འདི་ལས་རྒྱལ་བར་བྱེད་དགོས། གཉིས་ནས་ང་ཚོས་ངེས་པར་དུ་དཔལ་འབྱོར་སླར་གསོ་ཡོང་བར་བར་འབད་དེ། སྔར་ལས་སྟོབས་ཤུགས་རྫོགས་པ་དང་ལྷད་མེད་ཡིན་པ། བདེ་ཐང་ཡིན་པ་བཅས་ཀྱི་འཛམ་གླིང་འཕེལ་རྒྱས་མངོན་འགྱུར་ཡོང་བར་སྐུལ་འདེད་བཏང་ནས། འཛམ་གླིང་གི་འདི་ཉིད་སྔར་ལས་དོ་མཉམ་དང་མཐུན་སྦྱོར། དཀྱེལ་ཡངས་བཅས་ཀྱི་དུས་རིམ་གསར་པར་ཚུད་པར་མཉམ་དུ་སྐུལ་འདེད་གཏོང་དགོས། གསུམ་ནས་ང་ཚོས་ངེས་པར་དུ་མཐུན་སྒྲིལ་ལ་ཤུགས་སྣོན་དང་། ཕན་ཚུན་བརྩི་མཐོང་ལག་བསྟར་བྱེད་པ་དང་མཉམ་ལས་གཉིས་རྒྱས་ཀྱི་རྒྱལ་སྤྱིའི་འབྲེལ་བའི་འདུ་ཤེས་བསྐྲུན་དགོས། བཞི་ནས་ང་ཚོས་ངེས་པར་དུ་འཛམ་གླིང་བཅོས་སྐྱོང་སྔར་ལས་འཐུས་ཚང་དུ་བཏང་ནས། ངེས་དོན་གྱི་ཕྱོགས་མང་རིང་ལུགས་ལག་བསྟར་བྱེད་དགོས།

ཞི་ཅིན་ཕིང་གིས་མཐའ་མཇུག་ནན་གྱིས་བསྟན་དོན། མིག་སྔའི་འཛམ་གླིང་འདི་ཉིད་ཡང་བསྐྱར་ལམ་ཆེན་གྱི་བཞི་མདོ་རུ་ལངས་ཡོད། མིའི་རིགས་ཞི་བདེ་དང་འཕེལ་རྒྱས། ཡར་ཐོན་བཅས་ཡོང་བར་ཕྱོགས་པའི་རླབས་རྒྱུན་ལ་འགོག་ཐབས་མེད་པར་ང་རང་ངོས་ནས་ཡིད་ཆེས་ཆེན་པོ་ཡོད། ང་ཚོས་མཉམ་དུ་འཛམ་གླིང་ལ་གནོད་པའི་འགྲན་རྩོད་ཅི་རིགས་ལ་ཁ་གཏད་འཇལ་བ་དང་། མིའི་རིགས་ཀྱི་ལས་དབང་ཐུན་མོང་ཚོགས་པ་མཉམ་སྐྲུན།  འཛམ་གླིང་གི་མཛེས་པའི་མ་འོངས་མཉམ་སྐྲུན་བྱེད་ཐུབ་པར་ཡིད་ཆེས་བྱེད་འོས།

བན་དེ་སྐྱབས་ཀྱིས་བསྒྱུར།