ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་གྲོས་ཚོགས་དང་རྒྱུན་ལས་གྲོས་ཚོགས་བསྡུས།
2021.09.23 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 34

ཟླ་དགུ་པའི་ཚེས་ཉེར་གཉིས་ཉིན། ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཧྲུའུ་ཅི། ཧྲིན་ཀྲང་ཞིན་ཁྲང་ཞིང་གིས་སྔ་གཞུག་ཏུ་མགོ་འཛིན་བྱས་ནས་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་གྲོས་ཚོགས་དང་རྒྱུན་ལས་གྲོས་ཚོགས་བསྡུས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧྲན་ཞི་ཡུས་ལེན་དུ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ་དང་། ཀྲུང་ཧྭའི་ཆུ་མཛོད་ཀྱི་ཆུའི་སྐྱེ་ཁམས་སྲུང་སྐྱོབ་དང་བརྒྱད་ལྔ་བཅའ་ཁྲིམས་ཁྱབ་གདལ། རིམས་ནད་འགོག་སྡོམ། རྨ་སྟོད་ས་འགུལ་རྗེས་ཀྱི་སླར་གསོ་བསྐྱར་འཛུགས། ལས་སྣོན་བྱས་ཟིན་པའི་སྣུམ་གྱི་ཚོང་རར་ཕྱོགས་བསྡུས་སྒོས་ལྟ་སྐུལ་དོ་དམ་དང་བཅོས་སྒྱུར་བྱེད་པ་སོགས་ཀྱི་བྱ་བར་ཞིབ་འཇུག་དང་བཀོད་སྒྲིག་བྱས་ལ། མཚོ་སྔོན་ཞིང་ཆེན་གྱི་རྒྱུ་སྤུས་བྱ་དགའ་དོ་དམ་བྱེད་ཐབས་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་།

ཚོགས་ཐོག་ནས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧྲན་ཞི་ཡུས་ལེན་ལ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དཔྱིས་ཕྱིན་པ་དང་ལག་ལེན་མཐར་ཕྱིན་བྱེད་ན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པར་ཟུང་འབྲེལ་བྱེད་པ་དང་། ནང་དོན་ལ་རྒྱུས་ལོན་དང་གོ་དོན་མཐིལ་རྟོགས། ལག་བསྟར་དམ་འཛིན་བྱེད་པའི་སྟེང་ཤུགས་འདོན་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ཁྱོན་ཡོངས་ནས་དོན་འཁྱོལ་ཡང་དག་བྱེད་པ། གསར་བརྗེའི་སྲོལ་རྒྱུན་དར་སྤེལ་བྱེད་པ། བསམ་བློ་བཅིངས་འགྲོལ་དང་བཅོས་སྒྱུར་གསར་གཏོད། མུ་མཐུད་འབད་བརྩོན་བྱེད་པ། མིག་སྔའི་བྱ་བ་གཙོ་བོ་སྣ་ཚོགས་དམ་འཛིན་བྱས་ནས། འཕེལ་རྒྱས་དང་བདེ་འཇགས་ཐད་གཅིག་གྱུར་འཆར་འགོད་བྱེད་པ་དང་། འཕེལ་རྒྱས་ཀྱི་ཆགས་སྟངས་གསར་པ་བསྐྲུན་པའི་ཐད་ཞབས་འདེགས་སྔར་ལས་བཟང་བོ་ཞུ་བ་དང་དེའི་ཁྲོད་འདྲེས་པར་བྱེད་དགོས།

ཚོགས་ཐོག་ནས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངག་བཅོལ་ཡིད་ལ་དམ་པོར་འཛིན་པ་དང་། ཀྲུང་ཧྭའི་ཆུ་མཛོད་ཀྱི་ཆུའི་སྐྱེ་ཁམས་སྲུང་སྐྱོབ་འཆར་གཞི་འཐུས་ཚང་དུ་གཏོང་བ་དང་ལག་བསྟར་བཟང་བོ་བྱེད་པ། ཆུ་ཁུངས་བསྐྱེད་པའི་ནུས་པ་སྲ་བརྟན་དང་མཐོར་འདེགས་གཏོང་བ་གཙོར་འཛིན་པ། ཆུའི་སྐྱེ་ཁམས་མ་ལག་གི་སྤུས་ཚད་དང་གཏན་འཇགས་རང་བཞིན་མཐོར་འདེགས་གཏོང་བ་གཙོ་གནད་དུ་བྱེད་པ། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་བྱེད་པ་གཙོ་ཐིག་ཏུ་བྱེད་པ། རི་ཆུ་ནགས་ཞིང་དང་མཚེའུ། རྩྭ། བྱེ་ས། འཁྱག་དར་བཅས་གཞི་གཅིག་ཅན་གྱི་སྲུང་སྐྱོབ་སླར་གསོ་བྱེད་ཐབས་སུ་བྱས་ཏེ། ཀྲུང་ཧྭའི་ཆུ་མཛོད་སྲུང་སྐྱོབ་བྱེད་པའི་འགན་འཁྲི་ཆེན་པོ་ཕྲག་ཏུ་ལེན་དགོས།

ཚོགས་ཐོག་ནས་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་སློབ་སྦྱོང་དཔྱིས་ཕྱིན་པ་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། བདུན་གཅིག་བཅའ་ཁྲིམས་ཁྱབ་གདལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ། ཁྲིམས་སྐྱོང་དགོངས་པ་དར་སྤེལ་གཏོང་བ། དམངས་ཡོངས་ཀྱི་ཁྲིམས་སྐྱོང་བྱང་ཚད་རྒྱུན་མཐུད་ངང་མཐོར་འདེགས་གཏོང་བ། བཅའ་ཁྲིམས་ཁྱབ་གདལ་དང་ཁྲིམས་ལྟར་བཅོས་སྐྱོང་བྱེད་པ་གཉིས་ཟུང་འབྲེལ་བྱེད་པ། རྩ་འཛུགས་ལག་བསྟར་དང་ལྟ་སྐུལ་ཞིབ་བཤེར་ལ་ཤུགས་བསྣན་ནས། བརྒྱད་ལྔ་བཅའ་ཁྲིམས་ཁྱབ་གདལ་བྱ་བ་ཁྱོན་ཡོངས་ནས་བཟང་བོར་བསྒྲུབ་དགོས།

ཚོགས་ཐོག་ནས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རིམས་ནད་འགོག་སྡོམ་བྱ་བ་བཟང་བོར་སྒྲུབ་པའི་སྐོར་གྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་སློབ་སྦྱོང་དཔྱིས་ཕྱིན་པ་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཚད་མཐའི་བསམ་བློ་བརྟན་པོར་འཛུགས་པ། ཕྱོགས་བཞིའི་འགན་འཁྲི་གཏན་ཁེལ་གསལ་བོ་བྱེད་པ། དུས་གནས་གཙོ་བོ་དང་མི་ཚོགས་གཙོ་བོར་དམ་དུ་དམིགས་པ། ཡུལ་གནས་གཙོ་བོར་དོ་དམ་ནན་མོ་བྱེད་པ། འཕྲལ་བསྟུན་གྲ་སྒྲིག་བཟང་བོ་བྱེད་པ། ནད་མང་མཉམ་འགོག་བྱེད་པ་རྒྱུན་འཁྱོངས་བྱེད་པ། འགོག་སྨན་རྒྱག་པར་སྐུལ་འདེད་བཏང་སྟེ། སྟོན་དགུན་གྱི་དུས་དང་རྒྱལ་སྟོན་དུས་ཆེན་སྐབས་ཀྱི་རིམས་ནད་འགོག་སྡོམ་དམ་འཛིན་བྱེད་དགོས།

ཚོགས་ཐོག་ནས་ནན་གྱིས་བསྟན་དོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་ཀྱི་བཀོད་སྒྲིག་རེ་བ་ལྟར། མཚོ་སྔོན་གྱི་གནས་ཚུལ་དངོས་ལ་ཟུང་འབྲེལ་བྱས་ནས། སྨན་བཅོས་འགན་སྲུང་ལམ་ལུགས་ཀྱི་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བ་དང་། རིམ་མང་སྨན་བཅོས་ལམ་ལུགས་མ་ལག་འཐུས་ཚང་དུ་གཏོང་བ། གཞི་རྩའི་སྨན་བཅོས་མ་ལག་དང་གཞི་རྩའི་སྨན་བཅོས་འགན་སྲུང་ལམ་ལུགས་གཉིས་ཕན་ཚུན་འཚམ་པར་བྱེད་པའི་རྐྱེན་སྲོལ་འཛུགས་པ། སྨན་བཅོས་འགན་སྲུང་དང་གསོ་རིག་སྨན་རྫས་གཉིས་མཉམ་དུ་བཅོས་སྒྱུར་བྱེད་པ། སྨན་བཅོས་འགན་སྲུང་བྱ་བ་སྒྲུབ་པའི་ཞབས་ཞུའི་ཆུ་ཚད་མཐོར་འདེགས་སུ་གཏོང་བ། སྨན་བཅོས་འགན་སྲུང་གི་མ་དངུལ་ལྟ་སྐུལ་དོ་དམ་ལ་ཤུགས་བསྣན་ནས། མང་ཚོགས་ཀྱི་སྨན་བཅོས་སྨན་བཀོལ་གྱི་དགོས་མཁོ་སྐོང་དགོས། དུས་ཐོག་ཏུ་སྲིད་ཇུས་ལག་བསྟར་བྱེད་པ་དང་། ཆུ་གྲོན་ཆུང་དང་ཆུའི་སྤུས་ཚད་ཇེ་ལེགས་སུ་བཏང་སྟེ། ས་འོག་གི་ཆུ་ལ་དོ་དམ་བྱེད་པའི་བྱ་བ་དམ་འཛིན་བྱེད་དགོས།

ཚོགས་ཐོག་ནས་བསྟན་དོན། འཆར་འགོད་ཀྱིས་སྣེ་ཁྲིད་བྱེད་པར་ཤུགས་སྣོན་པ་དང་། ཕྱོགས་མང་པོའི་རྒྱབ་སྐྱོར་བརྩོན་ལེན་བྱེད་པ། ནོར་སྲིད་དཔལ་འབྱོར་ཐད་ཀྱི་སྒྲིག་ལམ་ཇེ་དམ་དུ་གཏོང་བ། ལྟ་སྐུལ་ཞིབ་བཤེར་ལ་ཤུགས་སྣོན་པ། རྨ་སྟོད་ས་འགུལ་རྗེས་ཀྱི་སླར་གསོ་བསྐྱར་འཛུགས་བྱ་བ་དམ་འཛིན་བྱེད་པ། མང་ཚོགས་ཀྱི་དཀའ་ངལ་སེལ་བ་དང་མང་ཚོགས་ཀྱི་སེམས་བདེ་བར་བྱེད་པ། མང་ཚོགས་ལ་དྲོད་ཁྲོལ་སྐྱེལ་ནས། ལས་འགན་གཙོ་བོ་སྣ་ཚོགས་སྔ་མོ་ནས་ལག་བསྟར་བྱེད་པ་དང་སྔ་མོ་ནས་གྲུབ་འབྲས་ལེན་པར་ཁག་ཐེག་བྱེད་དགོས།

ཚོགས་ཐོག་ནས་ནན་གྱིས་བསྟན་དོན། ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་མཐའ་གཅིག་ཏུ་ལག་བསྟར་བྱེད་པ་དང་། ལས་སྣོན་བྱས་ཟིན་པའི་སྣུམ་གྱི་ཚོང་རར་ཕྱོགས་བསྡུས་སྒོས་ལྟ་སྐུལ་དོ་དམ་དང་བཅོས་སྒྱུར་བྱེད་པ། བཅོས་སྐྱོང་གི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ། ཉམས་མྱོང་སྤྱི་སྡོམ་བྱེད་པར་དོ་སྣང་བྱེད་པ། ཡུན་ཕན་རྐྱེན་སྲོལ་བཙུགས་ཏེ། ཞིང་ཆེན་ཡོངས་ཀྱི་ལས་སྣོན་བྱས་ཟིན་པའི་སྣུམ་གྱི་ཚོང་ར་ཚད་གཞི་དང་མཐུན་ཞིང་གོ་རིམ་ལྡན་ལ་བདེ་ཐང་ངང་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་དགོས།

ཚོགས་ཐོག་ནས་ད་དུང་བྱ་བ་གཞན་པར་ཞིབ་འཇུག་བྱས།

རིན་ཆེན་མཚོས་བསྒྱུར།