ཞི་ཅིན་ཕིང་གིས་འཇར་མན་གྱི་ཙུང་ལི་མའོ་ཁི་ཨར་ལ་བརྙན་རིས་བརྒྱུད་ནས་གྲོས་མོལ་མཛད།
2021.10.14 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 73

ཟླ་བཅུ་བའི་ཚེས་བཅུ་གསུམ་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་འཇར་མན་གྱི་ཙུང་ལི་མའོ་ཁི་ཨར་ལ་བརྙན་རིས་བརྒྱུད་ནས་གྲོས་མོལ་མཛད།

ཟླ་བཅུ་བའི་ཚེས་བཅུ་གསུམ་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་འཇར་མན་གྱི་ཙུང་ལི་མའོ་ཁི་ཨར་ལ་བརྙན་རིས་བརྒྱུད་ནས་གྲོས་མོལ་མཛད། ཕྱོགས་གཉིས་ཀྱིས་མཛའ་མཐུན་ལྡན་པའི་སྣང་ཚུལ་ཁྲོད་དུ་ཉེ་བའི་ལོ་འགའི་རིང་ལ་ཀྲུང་གོ་དང་འཇར་མན་དང་ཀྲུང་གོ་དང་ཡོ་རོབ་གླིང་གི་འབྲེལ་བའི་འཕེལ་རྒྱས་ལ་ཕྱིར་དྲན་བྱས་པར་མ་ཟད་འབྲེལ་ཡོད་གནད་དོན་ཐད་ནས་དགོངས་འཆར་བརྗེ་རེས་མཛད།

ཞི་ཅིན་ཕིང་གིས་བསྟན་དོན། ང་ཚོས་ཐེངས་མང་པོར་ཕྱོགས་གཉིས་ཀྱི་འབྲེལ་བ་དང་རྒྱལ་སྤྱི་དང་ས་གནས་ཀྱི་གནད་དོན་གལ་ཆེན། རྒྱལ་སྐྱོང་སྲིད་འཛིན་ཉམས་མྱོང་སོགས་ཀྱི་ཐད་ནས་བརྗེ་རེས་ཞིབ་མོ་བྱས་ཏེ། ཕྱོགས་གཉིས་ཀྱི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་མཉམ་དུ་སྐུལ་འདེད་བཏང་བ་དང་། ཀྲུང་གོ་དང་འཇར་མན་མཉམ་ལས་ཀྱིས་འཛམ་གླིང་ཡོངས་ཀྱི་འགྲན་རྩོད་ལ་ཁ་གཏད་འཇལ་བར་སྐུལ་འདེད་བཏང་། ཀྲུང་གོ་དང་འཇར་མན་གྱིས་གཉིས་ཕན་མཉམ་ལས་ཀྱི་སྙིང་སྟོབས་གཞིར་བཟུང་སྟེ་རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་ཁ་གསབ་རང་བཞིན་འདོན་སྤེལ་བྱས་པ་དང་མཉམ་རྒྱལ་མངོན་འགྱུར་བྱས། ཀྲུང་གོ་དང་འཇར་མན་འཕེལ་རྒྱས་སུ་སོང་བ་བཟང་ལ། འཛམ་གླིང་གི་དཔལ་འབྱོར་ཐད་ལ་བྱས་རྗེས་ཆེན་པོ་བཞག་ཡོད། སང་ལོ་ནི་ཀྲུང་གོ་དང་འཇར་མན་བར་འབྲེལ་བ་བཙུགས་ནས་ལོ་ལྔ་བཅུ་འགོར་བའི་ལོ་ཡིན་པས། ཕྱོགས་གཉིས་ཀྱི་འབྲེལ་བ་ཇི་ལྟར་འཕེལ་རྒྱས་སུ་གཏོང་སྐབས་ཡང་དག་པའི་ཁ་ཕྱོགས་སྲུང་འཛིན་བྱེད་རྒྱུ་ཧ་ཅང་གལ་ཆེ། ཀྲུང་གོ་ཕྱོགས་ཀྱིས་དུས་དང་རྣམ་པ་ཀུན་ཏུ་འཐབ་ཇུས་ཀྱི་མཐོ་ཚད་དང་རྒྱང་རིང་ལ་དམིགས་ཏེ་ཀྲུང་གོ་དང་འཇར་མན་འབྲེལ་བར་ལྟ་ཚུལ་ཡང་དག་འཛིན་པར་མ་ཟད། འཇར་མན་གྱི་མཐོ་རིམ་མགོ་ཁྲིད་པའི་བར་གྱི་འབྲེལ་འདྲིས་དང་འགྲོ་འོང་སྲུང་འཛིན་བྱས་ཏེ། ཕན་ཚུན་ལ་རྒྱུས་ལོན་ཟབ་མོ་བྱེད་པ་དང་མི་དམངས་བར་གྱི་མཛའ་བཤེས་ཇེ་ཟབ་ཏུ་གཏོང་བ་དང་། སྲོལ་རྒྱུན་ཁྱབ་ཁོངས་ཀྱི་མཉམ་ལས་སྦས་ཤུགས་སྔོག་འདོན་བྱེད་པར་མ་ཟད། ཧུར་ཐག་སྒོས་ནུས་ཁུངས་ཚུལ་སྒྱུར་དང་ལྗང་མདོག་དང་གྲངས་འཛིན་དཔལ་འབྱོར་སོགས་དངོས་གཉེར་མཉམ་ལས་ཀྱི་ཁྱབ་ཁོངས་གསར་བ་རྒྱ་བསྐྱེད་ནས། ཀྲུང་གོ་དང་འཇར་མན་མཉམ་ལས་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་དགོས་ཟེར།

ཞི་ཅིན་ཕིང་གིས་བསྟན་དོན། རེ་སྙེག་ཞི་བདེ་དང་འཕེལ་རྒྱས་ནི་ཀྲུང་གོ་དང་ཡོ་རོབ་གླིང་ཕྱོགས་གཉིས་ཀྱི་ཐུན་མོང་གི་རེ་འདུན་ཡིན། ཀྲུང་གོ་དང་ཡོ་ཡོབ་གླིང་གིས་ཕྱོགས་མང་རིང་ལུགས་སྲུང་སྐྱོབ་བྱེད་པའི་འདོད་ཚུལ་བཅངས་ཏེ། ཉོ་ཚོང་དང་དངུལ་གཏོང་རང་མོས་ཅན་དང་སྟབས་བདེ་ཅན་ལ་རྒྱབ་སྐྱོར་བྱེད་པ་དང་། ཀྲུང་གོ་དང་ཡོ་རོབ་གླིང་གི་ཐུན་མོང་གི་ཁེ་ཕན་དེ་འགལ་བ་སྣ་ཚོགས་ལས་ཤུགས་ཆེ་བར་སྙམ་ཡོད། དེང་སྐབས། འཛམ་གླིང་ཡོངས་སུ་པྲོག་གསར་གློ་ཚད་རིམས་ནད་ལ་འགོག་རྒོལ་བྱེད་པ་དང་འཛམ་གླིང་གི་དཔལ་འབྱོར་བསྐྱར་དར་ལ་སྐུལ་འདེད་གཏོང་བ་དེ་གནད་འགག་གི་དུས་སྐབས་སུ་གནས་ཡོད་ལ། ཉིན་རེར་འཕར་བའི་འཛམ་གླིང་རང་བཞིན་གྱི་གནད་དོན་དང་མུ་མཐུད་དུ་མཐོར་འདེགས་སུ་འགྲོ་བའི་བརྟན་འཇགས་མིན་པའི་རང་བཞིན་དང་གཏན་ཁེལ་མིན་པའི་རང་བཞིན་གྱི་མདུན་དུ། ཀྲུང་གོ་དང་ཡོ་རོབ་གླིང་ནི་འཛམ་གླིང་གི་སྟོབས་ཤུགས་ཆེན་པོ་གཉིས་ཡིན་པའི་ཆ་ནས། མཉམ་ལས་ལ་ཤུགས་སྣོན་པ་དང་མཐུན་སྒྲིལ་སྒོས་ཁ་གཏད་འཇལ་བའི་འགན་འཁྲི་ཡོད། ཡོ་རོབ་གླིང་གིས་རང་བཙན་རང་བདག་རྒྱུན་འཁྱོངས་བྱས་ཏེ། ཡོ་རོབ་གླིང་མནའ་འབྲེལ་རང་སྟེང་གི་ཁེ་ཕན་དང་རྒྱལ་སྤྱིའི་སྤྱི་ཚོགས་མཐུན་སྒྲིལ་ཡོང་སྲུང་སྐྱོབ་བྱེད་པར་མ་ཟད། ཀྲུང་གོ་དང་རྒྱལ་ཁབ་གཞན་པ་དང་མཉམ་དུ་ཞི་བདེ་དང་འཕེལ་རྒྱས་ཀྱི་དུས་རབས་དཀའ་གནད་ཐག་གཅོད་པར་མཉམ་དུ་འབད་བརྩོན་བྱེད་དགོས་ཟེར།

མའོ་ཁི་ཨར་གྱིས་བཤད་དོན། ང་ཚོས་ཐུན་མོང་གིས་སེམས་ཁུར་བྱེད་པའི་གནད་དོན་ལ་བརྗེ་རེས་ཞིབ་མོ་བྱས་ཏེ། ཕན་ཚུན་བར་གྱི་རྒྱུས་ལོན་ཇེ་ཟབ་ཏུ་བཏང་བ་དང་འཇར་མན་དང་ཀྲུང་གོའི་འབྲེལ་བ་དང་ཡོ་རོབ་གླིང་དང་ཀྲུང་གོའི་མཉམ་ལས་རྒྱ་བསྐྱེད་པར་སྐུལ་འདེད་བཏང་། འཇར་མན་ཕྱོགས་ཀྱིས་ཀྲུང་གོས་ནམ་ཟླའི་འགྱུར་ལྡོག་ལ་ཁ་གཏད་འཇལ་བ་དང་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་བྱེད་པར་འབད་བརྩོན་ལྷོད་མེད་བྱས་པར་གཟེངས་བསྟོད་བྱེད་པར་མ་ཟད། ཀྲུང་གོ་ཕྱོགས་དང་མཉམ་དུ་འཇར་མན་དང་ཀྲུང་གོའི་བར་འབྲེལ་བ་བཙུགས་ནས་ལོ་ལྔ་བཅུ་འགོར་བར་རྟེན་འབྲེལ་ཞུ་བའི་བྱ་འགུལ་གང་ལེགས་སྒོས་སྤེལ་ཏེ། ཕྱོགས་གཉིས་དང་ཕྱོགས་མང་མཉམ་ལས་ལ་སྔར་ལས་ཤུགས་སྣོན་པ་དང་། འཛམ་གླིང་རང་བཞིན་གྱི་འགྲན་རྩོད་ལ་མཉམ་དུ་ཁ་གཏད་འཇལ་འདོད་ཡོད། ངས་མུ་མཐུད་དུ་འཇར་མན་དང་ཀྲུང་གོ་དང་ཡོ་རོབ་གླིང་དང་ཀྲུང་གོ་བར་གྱི་མཉམ་ལས་རྒྱ་བསྐྱེད་པར་ནུས་པ་གང་ཡོད་འདོན་ངེས་ཡིན་ཟེར།

ཝང་དབྱི་དང་ཧི་ལིས་ཧྥིན་སོགས་གོང་གི་བྱ་འགུལ་ལ་ཞུགས།

                                                                                                  བཀྲ་ཤིས་འབུམ་གྱིས་བསྒྱུར།