ཟླ་བཅུ་བའི་ཚེས་བཅུ་གསུམ་དང་ཚེས་བཅུ་བཞི་ཉིན་གཉིས་ལ། ཀྲུང་དབྱང་དམངས་ཆེན་བྱ་བའི་གྲོས་ཚོགས་པེ་ཅིང་ནས་འཚོགས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གྲོས་ཚོགས་ལ་ཞུགས་པར་མ་ཟད་གསུང་བཤད་གལ་ཆེན་གནང་།
ཟླ་བཅུ་བའི་ཚེས་བཅུ་གསུམ་དང་ཚེས་བཅུ་བཞི་ཉིན་གཉིས་ལ། ཀྲུང་དབྱང་དམངས་ཆེན་བྱ་བའི་གྲོས་ཚོགས་པེ་ཅིང་ནས་འཚོགས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གྲོས་ཚོགས་ལ་ཞུགས་པར་མ་ཟད་གསུང་བཤད་གལ་ཆེན་གནང་། ཁོང་གིས་བསྟན་དོན། མི་དམངས་འཐུས་མིའི་ཚོགས་ཆེན་ལམ་ལུགས་ནི་རང་རྒྱལ་གྱི་གནས་ཚུལ་དང་དོན་དངོས་དང་མཐུན་ཞིང་སྤྱི་ཚོགས་རིང་ལུགས་རྒྱལ་ཁབ་ཀྱི་ངོ་བོ་མཚོན་པར་བྱེད་པ་དང་། མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པ་ཁག་ཐེག་བྱེད་པ། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པ་འགན་སྲུང་བྱེད་པའི་ལམ་ལུགས་བཟང་བོ་ཡིན་ལ། ང་ཚོའི་ཏང་གིས་མི་དམངས་ལ་མགོ་ཁྲིད་དེ་མིའི་རིགས་ཀྱི་ཆབ་སྲིད་ལམ་ལུགས་ལོ་རྒྱུས་སྟེང་གི་རླབས་ཆེན་གསར་སྐྲུན་ཡིན་པ་དང་། རང་རྒྱལ་གྱི་ཆབ་སྲིད་འཕེལ་རྒྱས་ལོ་རྒྱུས་དང་ཐ་ན་འཛམ་གླིང་གི་ཆབ་སྲིད་འཕེལ་རྒྱས་ལོ་རྒྱུས་སྟེང་དུ་དོན་སྙིང་གལ་ཆེན་ལྡན་པའི་ཆབ་སྲིད་ལམ་ལུགས་གསར་བ་ཞིག་ཡིན། ང་ཚོས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཆབ་སྲིད་འཕེལ་རྒྱས་བགྲོད་ལམ་རྒྱུན་འཁྱོངས་བྱེད་པ་དང་། མི་དམངས་འཐུས་མིའི་ཚོགས་ཆེན་གྱི་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་བཏང་སྟེ། དུས་རབས་གསར་བའི་དམངས་ཆེན་བྱ་བར་ཤུགས་སྣོན་དང་ལེགས་སྒྱུར་བྱེད་པ་དང་། བརྒྱུད་རིམ་ཡོངས་སུ་མི་དམངས་དམངས་གཙོ་སྔར་ལས་འཕེལ་རྒྱས་སུ་བཏང་ནས། གསོན་ཉམས་ལྡན་ཞིང་བདེ་འཇགས་མཐུན་སྒྲིལ་གྱི་ཆབ་སྲིད་རྣམ་པ་སྲ་བརྟན་དང་འཕེལ་རྒྱས་སུ་གཏོང་དགོས་ཟེར།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་ལིས་ཁི་ཆང་དང་ཝང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལི་ཅི། ཧན་ཀྲིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཆི་ཧྲན་བཅས་གྲོས་ཚོགས་ལ་ཞུགས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་ཡིས་སྤྱི་སྡོམ་གསུང་བཤད་གནང་།
ཞི་ཅིན་ཕིང་གིས་གསུང་བཤད་གནང་སྐབས་བསྟན་དོན། མི་དམངས་འཐུས་མིའི་ཚོགས་ཆེན་ལམ་ལུགས་དེ་ཀྲུང་གོ་གུང་ཁྲན་ཏང་གི་མགོ་ཁྲིད་རྒྱུན་འཁྱོངས་བྱས་ཤིང་། མར་ཁེ་སི་རིང་ལུགས་རྒྱལ་ཁབ་རིག་པ་ལས་བཤད་པའི་གཞི་རྩའི་རྩ་དོན་རྒྱུན་འཁྱོངས་བྱས་པ་དང་། མི་དམངས་དམངས་གཙོ་སྲིད་དབང་སྒེར་འཛིན་གྱི་རྒྱལ་ཁབ་ལམ་ལུགས་དང་འཚམ་ལ། ནུས་ལྡན་སྒོས་རྒྱལ་ཁབ་སྤྱི་ཚོགས་རིང་ལུགས་བགྲོད་ལམ་ཕྱོགས་སུ་མདུན་དུ་བསྐྱོད་པ་ཁག་ཐེག་བྱས། མི་དམངས་འཐུས་མིའི་ཚོགས་ཆེན་ལམ་ལུགས་དེ་རྒྱལ་ཁབ་ཀྱི་དབང་ཆ་ཡོད་ཚད་མི་དམངས་ལ་དབང་བ་རྒྱུན་འཁྱོངས་བྱས་ཤིང་། ཚད་མཐོན་པོས་མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པ་འགན་སྲུང་བྱས་པ་དང་། ཏང་གི་མགོ་ཁྲིད་དང་མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པ་དང་། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་བཅས་དང་ཟུང་འབྲེལ་བྱས་ཏེ། ནུས་ལྡན་སྒོས་རྒྱལ་ཁབ་ཀྱི་བཅོས་སྐྱོང་དེ་ཟིང་ཟིང་བཅོས་སྐྱོང་དང་ཉམས་རྒུད་དར་རྒྱས་སུ་གཏོང་བའི་ལོ་རྒྱུས་འཁོར་ཡུན་ལས་བརྒལ་བར་ཁག་ཐེག་བྱས། ལོ་ངོ་དྲུག་ཅུ་ལྷག་གི་རིང་དང་ལྷག་པར་དུ་བཅོས་སྒྱུར་སྒོ་འབྱེད་བྱས་ནས་ལོ་བཞི་བཅུའི་རིང་ལ། མི་དམངས་འཐུས་མིའི་ཚོགས་ཆེན་ལམ་ལུགས་ཀྱིས་ཏང་གིས་མི་དམངས་ལ་མགོ་ཁྲིད་དེ་དཔལ་འབྱོར་མགྱོགས་མྱུར་སྒོས་འཕེལ་རྒྱས་སུ་འགྲོ་བའི་གྲུབ་འབྲས་གསར་སྐྲུན་བྱེད་པ་དང་སྤྱི་ཚོགས་ཡུན་རིང་བརྟན་འཇགས་ཡོང་བར་ལམ་ལུགས་ཀྱི་འགན་སྲུང་གལ་ཆེན་འདོན་སྤྲོད་བྱས་ཟེར།
ཞི་ཅིན་ཕིང་གིས་བསྟན་དོན། མི་དམངས་འཐུས་མིའི་ཚོགས་ཆེན་ལམ་ལུགས་ནི་རང་རྒྱལ་གྱི་བརྒྱུད་རིམ་ཡོངས་སུ་མི་དམངས་དམངས་གཙོ་མངོན་འགྱུར་བྱེད་པའི་ལམ་ལུགས་ཀྱི་ནང་དོན་གལ་ཆེན་ཡིན། ཏང་གི་མགོ་ཁྲིད་འོག མི་དམངས་གོ་རིམ་ལྡན་པར་ཆབ་སྲིད་ཁྲོད་ཞུགས་ཚད་སྔར་ལས་རྒྱ་བསྐྱེད་པ་དང་། འགྲོ་མིའི་ཐོབ་ཐང་གི་ཁྲིམས་སྐྱོང་འགན་སྲུང་ལ་ཤུགས་བསྣན་ནས། མི་དམངས་ཀྱིས་ཁྲིམས་ལྟར་ཁེ་དབང་དང་རང་མོས་ལོངས་སུ་སྤྱོད་པ་ཁག་ཐེག་བྱེད་དགོས། མི་དམངས་ཀྱིས་ཁྲིམས་ལྟར་འདེམ་བསྐོའི་དབང་ཆ་ལག་བསྟར་བྱེད་རྒྱུ་ཁག་ཐེག་བྱས་ཏེ། དམངས་གཙོའི་འདེམ་བསྐོ་ལས་དམངས་ཆེན་འཐུས་མི་འདེམ་པ་དང་མི་དམངས་ཀྱི་ཤེས་རྟོགས་དབང་ཆ་དང་ཞུགས་པའི་དབང་ཆ། ལྟ་རྟོག་དབང་ཆ་དེ་དམངས་ཆེན་གྱི་བྱ་བ་སོ་སོ་དང་ལས་རིམ་སོ་སོའི་བརྒྱུད་རིམ་ཡོངས་སུ་དངོས་འབེབས་བྱས་ནས། ཏང་དང་རྒྱལ་ཁབ་ཀྱིས་ཇུས་ཆོད་དང་ལག་བསྟར། ལྟ་རྟོག་བཅས་ལས་རིམ་སོ་སོ་རུ་དངོས་འབེབས་བྱེད་སྐབས་མི་དམངས་ཀྱི་སྐད་ཆ་གོ་ཐུབ་པ་འགན་སྲུང་བྱེད་དགོས། དམངས་ཆེན་གྱི་དམངས་གཙོ་དང་དམངས་དོན་མཚོན་པའི་སྟེགས་བུ་འཐུས་ཚང་དུ་བཏང་སྟེ། དམངས་དོན་བསྡུ་ལེན་བྱེད་པ་དང་དམངས་ཀྱི་རིག་སྟོབས་གཅིག་སྡུད་བྱེད་པའི་བྱ་བའི་རྐྱེན་སྲོལ་ཆ་ཚང་དུ་གཏོང་བ། དམངས་ཆེན་གྲོས་མོལ་དང་ཁྲིམས་འཛུགས་གྲོས་མོལ་ལ་སྐུལ་འདེད་བཏང་ནས། ཕྱོགས་སོ་སོའི་སྤྱི་ཚོགས་ཀྱི་གནས་ཚུལ་དང་མང་ཚོགས་ཀྱི་བསམ་འཆར་དེ་རྒྱ་ཆེའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་དང་གཅིག་གྱུར་ཡོང་བར་བྱེད་དགོས་ཟེར།
ལིས་ཀྲན་ཧྲུའུ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པར་དམིགས་ཏེ་སྤྱི་སྡོམ་གསུང་བཤད་གནང་། ཁོང་གིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་འཐུས་ཚང་དང་འཕེལ་རྒྱས་སུ་གཏོང་བ་དང་། རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་སྒྱུར་བར་སྐུལ་འདེད་གཏོང་བའི་འཐབ་ཇུས་ཀྱི་མཐོ་ཚད་ནས། དུས་རབས་གསར་བར་དམངས་ཆེན་བྱ་བར་ཤུགས་སྣོན་དང་ལེགས་སྒྱུར་བྱེད་པའི་མཛུབ་སྟོན་དགོངས་པ་དང་རྩ་དོན་གལ་ཆེན། བྱ་བ་གཙོ་བོ་བཅས་བཏོན་པ་དང་། དུས་རབས་གསར་བར་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དམངས་གཙོ་ཆབ་སྲིད་འཕེལ་རྒྱས་སུ་གཏོང་བ་དང་། མི་དམངས་འཐུས་མིའི་ཚོགས་ཆེན་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བའི་རིགས་གཞུང་གལ་ཆེན་དང་ལག་ལེན་གནད་དོན་རབ་དང་རིམ་པར་ལན་བཏབ། གསུང་བཤད་ལས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དམངས་གཙོ་ཆབ་སྲིད་དང་མི་དམངས་འཐུས་མིའི་ཚོགས་ཆེན་ལམ་ལུགས་ཀྱི་ཆབ་སྲིད་ནང་དོན་དང་རིགས་གཞུང་ནང་དོན། ལག་ལེན་ནང་དོན་ཕུན་སུམ་ཚོགས་པར་བཏང་བ་དང་། དེ་ནི་མར་ཁེ་སི་རིང་ལུགས་ཀྱི་བདེན་དོན་སྟོབས་ཤུགས་ལྡན་པའི་རྩ་འཛིན་རང་བཞིན་གྱི་ཚད་ལྡན་ཡིག་ཆ་ཞིག་ཡིན་ཟེར།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་དང་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ། རྒྱལ་སྲིད་ཨུ་ཡོན། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་པོ། རྒྱལ་ཡོངས་སྲིད་གྲོས་ཀྱི་འབྲེལ་ཡོད་མགོ་ཁྲིད་བློ་མཐུན་སོགས་གྲོས་ཚོགས་ལ་ཞུགས།
བཀྲ་ཤིས་འབུམ་གྱིས་བསྒྱུར།