ཧན་ཀྲིན་རྒྱུད་གཅིག་ལམ་གཅིག་གི་ནུས་ཁུངས་པུའུ་ཀྲང་གི་ཚོགས་འདུ་སྐབས་གཉིས་པར་ཞུགས་ཏེ་ཤིས་ཚིག་ཕུལ།
2021.10.19 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 24

ཟླ་བཅུ་པའི་ཚེས་བཅོ་བརྒྱད་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲིན་གྱིས་པེ་ཅིང་དུ་བརྙན་ལམ་བརྒྱུད་དེ། རྒྱུད་གཅིག་ལམ་གཅིག་གི་ནུས་ཁུངས་པུའུ་ཀྲང་གི་ཚོགས་འདུ་སྐབས་གཉིས་པར་ཞུགས་ཏེ་ཤིས་ཚིག་ཕུལ།

ཧན་ཀྲིན་གྱིས་བསྟན་དོན། རྒྱུད་གཅིག་ལམ་གཅིག་མཉམ་དུ་བསྐྲུན་རྒྱུའི་གྲོས་འགོ་བཏོན་ནས་ལོ་བརྒྱད་སོང་བའི་རིང་ལ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་གྲོས་འགོ་དེ་ཁས་ལེན་གང་ལེགས་བྱས་པ་དང་སྤྲོ་སེམས་ཆེན་པོས་དེའི་ནང་ཞུགས་ཏེ། ཁྱབ་ཁོངས་ཁག་གི་མཉམ་ལས་ཁྱོན་ཡོངས་ནས་སྤེལ་བར་བརྟེན། གྲུབ་འབྲས་ཆེན་པོ་ཐོབ་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ནུས་ཁུངས་མཉམ་ལས་ནི་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་བྱེད་པའི་ཁྱབ་ཁོངས་གཙོ་བོ་ཞིག་ཡིན་པས། ཀྲུང་གོས་རྒྱལ་ཁབ་ཁག་དང་མཉམ་དུ། རྒྱུད་གཅིག་ལམ་གཅིག་གི་སྒྲོམ་གཞིའི་ནང་ནུས་ཁུངས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་བསྣན་ནས། གོ་ལ་ཧྲིལ་པོའི་ནུས་ཁུངས་རྒྱུན་མཐུད་འཕེལ་རྒྱས་ལ་མཉམ་དུ་སྐུལ་འདེད་གཏོང་བ་དང་། གོ་ལ་ཧྲིལ་པོའི་ནུས་ཁུངས་བདེ་འཇགས་སྲུང་སྐྱོང་བྱེད་འདོད་ཡོད་ཅེས་གསུངས་མྱོང་།  ཉེ་བའི་ལོ་འདི་དག་གི་རིང་ལ། ང་ཚོས་རྒྱུད་གཅིག་ལམ་གཅིག་གི་ནུས་ཁུངས་མཉམ་ལས་རོགས་རེས་འབྲེལ་བ་ཧུར་ཐག་སྒོས་བསྐྲུན་པས། རྒྱུད་གཅིག་ལམ་གཅིག་གི་ནུས་ཁུངས་མཉམ་ལས་ལ་འཕེལ་རྒྱས་རབ་དང་རིམ་པ་བྱུང་ཡོད།

ཧན་ཀྲིན་གྱིས་བསྟན་དོན། གནམ་གཤིས་འགྱུར་ལྡོག་གི་ཉམས་ཉེན་ལ་ཁ་གཏད་གཅོག་པའི་རྒྱབ་ལྗོངས་ཆེན་པོའི་འོག་ཏུ། གོ་སྐབས་དམ་འཛིན་དང་ཐུན་མོང་གི་ངོས་འཛིན་གཅིག་ཏུ་སྒྲིལ་ནས། རྒྱུད་གཅིག་ལམ་གཅིག་ཁོངས་ཞུགས་རྒྱལ་ཁབ་ཀྱི་ནུས་ཁུངས་མཁོ་སྤྲོད་རྣམ་པ་སྔར་ལས་ནུས་ཤུགས་རྫོགས་ཤིང་གཙང་མ་ཡིན་པ། སྣེ་མང་ཅན་བཅས་ཀྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་ཧུར་ཐག་གིས་སྐུལ་འདེད་བཏང་སྟེ། ནུས་ཁུངས་སྔར་ལས་ལྷད་མེད་དང་བསྟུན་ཤེས་ཀྱི་ཕྱོགས་སུ་འཕེལ་བར་འབད་དགོས། ཧན་ཀྲིན་གྱིས་མ་འོངས་པའི་ནུས་ཁུངས་ཕུན་སུམ་ཇེ་ཚོགས་སུ་འགྲོ་བའི་ཐད་བསམ་འཆར་བཞི་བཏོན་ཡོད་དེ། གཅིག་ནས་ནུས་ཁུངས་ལྷད་མེད་ཐཱན་ཉུང་ཚུལ་བསྒྱུར་ལ་མཉམ་དུ་སྐུལ་འདེད་གཏོང་རྒྱུ་དང་། ཉིང་རྡུལ་གློག་དང་ནུས་ཁུངས་གསར་པའི་གློག་འདོན། རིག་ལྡན་ནུས་ཁུངས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་བཏང་ནས། གེགས་མེད་དར་གོས་ཚོང་ལམ་མཉམ་སྐྲུན་བྱེད་དགོས། གཉིས་ནས་ནུས་ཁུངས་ཀྱི་ལག་རྩལ་གསར་གཏོད་ལ་མཉམ་དུ་སྐུལ་འདེད་བཏང་སྟེ། ནུས་ཁུངས་གྲོན་ཆུང་དང་ཐཱན་ཇེ་ཉུང་དུ་གཏོང་བ། སླར་སྐྱེས་རུང་བའི་ནུས་ཁུངས། སྔོན་ཐོན་གྱི་ཉིང་རྡུལ་ནུས་པ་སོགས་གཙོས་ནུས་ཁུངས་གཙང་མའི་ལག་རྩལ་ཞིབ་འཇུག་གསར་སྤེལ་བེད་སྤྱོད་བྱས་ནས། ལག་རྩལ་ཡར་ཐོན་ལ་བརྟེན་ནས་ནུས་ཁུངས་ཐོན་ཁུངས་ཀྱི་ཚོད་འཛིན་གནད་དོན་ཐག་གཅོད་གང་ལེགས་བྱེད་དགོས། གསུམ་ནས་ནུས་ཁུངས་རྒྱུན་མཐུད་འཕེལ་རྒྱས་ལ་མཉམ་དུ་སྐུལ་འདེད་གཏོང་རྒྱུ་དང་། ནུས་ཁུངས་ལུགས་མཐུན་རང་བཞིན་གྱི་མཉམ་ལས་ལ་ཤུགས་བསྣན་ནས། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ནུས་ཁུངས་འགན་ལེན་ནུས་པ་དང་ཆུ་ཚད་མཐོ་རུ་གཏོང་རོགས་བྱེད་དགོས།  བཞི་ནས་ནུས་ཁུངས་བསྟུན་ཤེས་འཕེལ་རྒྱས་ལ་མཉམ་དུ་སྐུལ་འདེད་གཏོང་རྒྱུ་དང་། རྒྱལ་ཁབ་ཁག་གིས་རང་བདག་གིས་བདམས་པའི་ནུས་ཁུངས་འཕེལ་རྒྱས་འཐབ་ཇུས་ཀྱི་དབང་ཆར་བརྩི་འཇོག་བྱེད་དགོས།

བན་དེ་སྐྱབས་ཀྱིས་བསྒྱུར།