ལིས་ཅེ་ཞང་གིས་ཞིང་ཆེན་ནུས་ཁུངས་གློག་ཤུགས་མཁོ་འདོན་མགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་ཐེངས་དང་པོའི་སྟེང་ཐབས་བརྒྱ་ཇུས་སྟོང་གིས་ནུས་ཁུངས་གློག་ཤུགས་མཁོ་འདོན་ལ་འགན་སྲུང་བྱས་ཏེ་དམངས་ཚིས་དང་འཁོར་སྐྱོད།གཏན་འཇགས་བཅས་ལ་འགན་སྲུང་བྱེད་དགོས་ཞེས་བསྟན།
2021.10.19 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ཉེ་ལམ་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྒྱུན་ལས་ཧྲིན་ཀྲང་གཞོན་པ་ལིས་ཅེ་ཞང་གིས་མགོ་འཛིན་བྱས་ནས་ཞིང་ཆེན་ནུས་ཁུངས་གློག་ཤུགས་མཁོ་འདོན་མགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་ཐེངས་དང་པོ་བསྡུས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ནུས་ཁུངས་བདེ་འཇགས་སྐོར་གྱི་རྣམ་བཤད་གལ་ཆེན་ལ་སློབ་སྦྱོང་དང་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ། ཐབས་བརྒྱ་ཇུས་སྟོང་གིས་ནུས་ཁུངས་གློག་ཤུགས་མཁོ་འདོན་ལ་འགན་སྲུང་བྱས་ཏེ། དམངས་ཚིས་དང་འཁོར་སྐྱོད། གཏན་འཇགས་བཅས་ལ་འགན་སྲུང་བྱེད་དགོས་ཞེས་བསྟན།

ལིས་ཅེ་ཞང་གིས་བསྟན་དོན། ས་གནས་སོ་སོ་དང་སྡེ་ཁག་སོ་སོ། ཁེ་ལས་སོ་སོས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བྱ་བའི་བཀོད་སྒྲིག་ལྟར། བྱ་བའི་སྔོན་དཔག་ཇུས་གཞི་འཐུས་ཚང་དང་བདེ་འཇགས་ལྟ་རྟོག་ལ་ཤུགས་བསྣན་ནས་ནུས་ཤུགས་ཡོད་རྒུས་ད་ལོའི་དགུན་ཁ་དང་སང་ལོའི་དཔྱིད་དུས་ཀྱི་རང་རེའི་ཞིང་ཆེན་གྱི་ནུས་ཁུངས་གློག་འདོན་ལ་ཁག་ཐེག་བྱས་ཏེ། དམངས་ཚིས་དང་འཕེལ་རྒྱས། བདེ་འཇགས་བཅས་ཀྱི་ཚད་མཐའ་དམ་པོར་སྲུང་དགོས།

ལིས་ཅེ་ཞང་གིས་ནན་གྱིས་བསྟན་དོན། རིན་གོང་སྙོམས་སྒྲིག་དང་མཁོ་འདོན་ལ་འགན་སྲུང་དང་། བྱེད་ཐབས་ཇུས་གཞི་འཛུགས་པ་དང་ནུས་ཁུངས་མཁོ་འདོན་ལེགས་སྒྱུར་བྱེད་པ། སྡོད་དམངས་དང་ཞིང་ལས། སྤྱི་ཕན་རང་བཞིན་གྱི་ལས་རིགས་གློག་བཀོལ་རིན་གོང་གཏན་འཇགས་ཡོང་བ་དང་རིན་གོང་བརྒྱུད་སྤྲོད་ཕན་འབྲས་གྲུབ་པར་བྱེད་དགོས། ཆུའི་ཚད་ཇེ་མང་དུ་བཏང་ནས་མཁོ་འདོན་ལ་འགན་སྲུང་བྱེད་དགོས་ལ། སྲིད་གཞུང་དང་ཁེ་ལས་མཉམ་འབྲེལ་སྒོས་ཤུགས་འདོན་པ་དང་འབྲེལ་མཐུད་ལ་ཧུར་ཐག་སྒོས་བརྩོན་ལེན་བྱས་ནས་མཁོ་འདོན་ཐད་ཀྱི་འགལ་འདུ་སེལ་དགོས། རྡོ་སོལ་མ་མཐའི་ཚད་གཞི་ལྟར་མཁོ་འདོན་བྱེད་པར་འགན་སྲུང་བྱེད་དགོས་ལ། ཞིང་ཆེན་དང་ཁུལ་མཉམ་འབྲེལ་སྒོས་ཞིང་ཆེན་གཞན་པའི་རྡོ་སོལ་གྱི་མང་ཉུང་དང་རིན་གོང་། སྐྱེལ་འདྲེན་སོགས་ཀྱི་གོ་རིམ་ལ་གཅིག་གྱུར་སྒོས་མཐུན་སྦྱོར་བྱས་ནས་ཁྲིམས་དང་སྒྲིག་སྲོལ་ལྟར། ཐོན་སྐྱེད་བདེ་འཇགས་དང་སྐྱེ་ཁམས་ཁོར་ཡུག་བདེ་འཇགས་ཡིན་པའི་སྔོན་འགྲོའི་འོག་རྡོ་སོལ་གྱི་ཡོངས་ཁུངས་ཇེ་མང་དུ་གཏོང་དགོས། སོལ་རླངས་ཀྱི་ཚད་ཇེ་མང་དུ་བཏང་ནས་མཁོ་འདོན་ལ་འགན་སྲུང་བྱེད་དགོས་ལ། དམངས་བཀོལ་རང་བྱུང་སོལ་རླངས་ཀྱི་མཁོ་འདོན་ཚད་ཇེ་མང་དུ་གཏོང་དགོས། ལས་འགན་དངོས་འབེབས་བྱས་ནས་མཁོ་འདོན་ལ་འགན་སྲུང་བྱེད་དགོས་ལ། ནུས་ཁུངས་གློག་ཤུགས་འགན་སྲུང་བྱ་བའི་སྔོན་དཔག་ཇུས་གཞི་ལེགས་སྒྱུར་བྱས་ནས་མང་ཚོགས་ཀྱི་གཞི་རྩའི་འཚོ་བ་དང་དཔལ་འབྱོར་གཏན་འཇགས་ངང་འཁོར་སྐྱོད་བྱེད་པར་ཁག་ཐེག་བྱེད་དགོས།

མི་ཕམ་མགོན་པོས་བསྒྱུར།