ཟླ་བཅུ་པའི་ཚེས་བཅུ་དགུ་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་མི་དམངས་ཚོགས་ཁང་ཆེ་མོའི་ནང་དུ། ཉིས་སྟོང་ཉེར་གཅིག་ལོའི་རྒྱལ་ཡོངས་ཀྱིདམངས་ཀྱིས་བྱ་གཞག་སྐྲུན་པ་དང་ཀུན་གྱིས་གསར་གཏོད་བྱེད་པའི་གཟའ་འཁོར་ལས་སྒོའི་ནང་ཞུགས་ཏེ་གཏམ་བཤད་པར་མ་ཟད། གཟའ་འཁོར་ལས་སྒོ་དངོས་སུ་མགོ་བརྩམས་པ་ཁྱབ་བསྒྲགས་བྱས།
ལིས་ཁི་ཆང་གིས་བཤད་རྒྱུར། ཉེ་བའི་ལོ་འདི་དག་གི་རིང་ལ། རྙོག་འཛིང་ལྡན་ལ་ཛ་དྲག་ཆེ་བའི་རྒྱལ་ཁབ་ཕྱི་ནང་གི་གནས་བབ་མདུན་དུ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ཏུ། རྒྱལ་ཡོངས་གོང་འོག་བར་གསུམ་ཚང་མས་དུས་ངན་མཉམ་སེལ་བྱས་པར་བརྟེན། རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་ལ་གྲུབ་འབྲས་མངོན་གསལ་ཐོབ་ཡོད་ཅིང་། དེ་ནི་རང་རྒྱལ་གྱི་མི་དམངས་མང་ཚོགས་དུང་ཕྱུར་དུ་མ་དང་ཚོང་རའི་གྲུབ་ཆ་གཙོ་བོ་དུང་ཕྱུར་མང་པོས་དངོས་གཉེར་འབད་འབུངས་བྱས་པ་དང་ཁ་འབྲལ་ཐབས་མེད་ལ། གསར་གཏོད་གཉིས་ལའང་བྱས་རྗེས་ཆེན་པོ་ཡོད། ཚོང་རའི་གྲུབ་ཆ་གཙོ་བོ་གང་མང་བཙུགས་ནས་ཁྲོམ་རའི་རྣམ་པ་འཁྲུག་ཆ་དོད་པོར་གྱུར་ཡོད་པས། ལས་ཞུགས་དང་དཔལ་འབྱོར་ཁྱོན་ཡོངས་བརྟན་པོ་ཡོང་བར་འདེགས་སྐྱོར་གང་ལེགས་བྱས།
ལིས་ཁི་ཆང་གིས་བཤད་རྒྱུར། དམངས་ཀྱིས་བྱ་གཞག་སྐྲུན་པ་དང་ཀུན་གྱིས་གསར་གཏོད་བྱེད་པའི་ལས་སྒོའི་གལ་འགངས་ཆེ་ཤོས་ནི་དམངས་ཡོངས་ཡིན་པས། མི་དམངས་མང་ཚོགས་ལ་འཛད་མཐའ་མེད་པའི་གསར་གཏོད་ཀྱི་ནུས་པ་ལྡན། འཕེལ་རྒྱས་གཏོང་རྒྱུ་ནི་གནད་དོན་མཐའ་དག་ཐག་གཅོད་བྱེད་པའི་རྨང་གཞི་དང་འགག་རྩ་ཡིན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱེད་རྒྱུ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀོད་སྒྲིག་དངོས་འབེབས་དོན་འཁྱོལ་བྱས་ནས། འཕེལ་རྒྱས་ཀྱི་དུས་རིམ་གསར་པར་རྐང་ཚུགས་པར་བྱེད་པ་དང་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱེད་པ། འཕེལ་རྒྱས་ཀྱི་ཆགས་སྟངས་གསར་པ་བསྐྲུན་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་བླང་བྱ་ལྟར་དུ། བཅོས་སྒྱུར་སྒོ་འབྱེད་གཏིང་ཟབ་ཏུ་གཏོང་བ་དང་གསར་གཏོད་ལ་བརྟེན་ནས་སྐུལ་འདེད་གཏོང་ཤུགས་ཆེ་རུ་གཏོང་བ། དམངས་ཀྱིས་བྱ་གཞག་སྐྲུན་པ་དང་ཀུན་གྱིས་གསར་གཏོད་བྱེད་པའི་ལས་སྒོར་སྐུལ་འདེད་གཏིང་ཟབ་གཏོང་བ་བཅས་བྱས་ཏེ། མི་དམངས་མང་ཚོགས་ཀྱི་ལས་བརྩོན་དང་བློ་རིག་སྔར་ལས་འདོན་སྤེལ་གང་ལེགས་ཐུབ་པ་བྱས་མཐར། དཔལ་འབྱོར་བརྟན་པོའི་ངང་འཁོར་སྐྱོད་དང་རྒྱུན་མཐུད་དང་བདེ་ཐང་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས།
ཞའོ་ཅེ་དང་ཝན་ཀང་། ཧི་ལིས་ཧྥུན་བཅས་ཐེངས་འདིའི་བྱེད་སྒོར་ཞུགས།
བན་དེ་སྐྱབས་ཀྱིས་བསྒྱུར།