ལིས་ཁི་ཆང་འཇར་མན་གྱི་ཙུང་ལི་དང་ལྷན་དུ་ཀྲུང་གོ་དང་འཇར་མན་གྱི་དཔལ་འབྱོར་བློ་འདྲི་བྱ་བའི་ཨུ་ཡོན་ལྷན་ཁང་གི་བཞུགས་མོལ་ཚོགས་འདུར་ཞུགས།
2021.10.20 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 23

ཟླ་བཅུ་པའི་ཚེས་བཅོ་བརྒྱད་ཉིན་གྱི་ཕྱི་དྲོ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཀྲུང་ནན་ཧེ་ཡི་ཙི་ཀོང་ཀི་རུ། བརྙན་ལམ་ནས་འཇར་མན་གྱི་ཙུང་ལི་མའོ་ཁི་ཨར་དང་ལྷན་དུ། ཀྲུང་གོ་དང་འཇར་མན་གྱི་དཔལ་འབྱོར་བློ་འདྲི་བྱ་བའི་ཨུ་ཡོན་ལྷན་ཁང་གི་བཞུགས་མོལ་ཚོགས་འདུར་ཞུགས། ཀྲུང་གོ་བཟོ་ཚོང་དངུལ་ཁང་དང་ཧྭ་ཝེ། ཉིང་ཏི་དུས་རབས་དང་། འཇར་མན་གྱི་ཞི་མིན་ཙི་དང་པོ་ཧྲི། བདེ་འཇགས་མཉམ་འབྲེལ་སོགས་ཁེ་ལས་ཀྱི་འགན་འཁུར་བས་འབྲེལ་ཡོད་གྲོས་གཞིར་བསམ་ཚུལ་གླེང་བ་དང་། རྒྱལ་ཁབ་གཉིས་ཀའི་ཙུང་ལི་ཡིས་ཁོང་ཚོ་དང་ལྷན་དུ་བསམ་ཚུལ་བརྗེ་རེས་བྱས།

ལིས་ཁི་ཆང་གིས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་མཐོང་ཆེན་བླ་མེད་བྱེད་ཀྱིན་ཡོད།  མི་རིང་བའི་ཡར་སྔོན་ལ། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཙུང་ལི་མའོ་ཁི་ཨར་ལ་བརྙན་ལམ་ནས་ཐུག་འཕྲད་གནང་བ་དང་། དེ་རིང་རྒྱལ་ཁབ་གཉིས་ཀའི་ཙུང་ལི་མཇལ་འཛོམས་གནང་རྗེས་ཁེ་ལས་མཁས་ཅན་དང་བཞུགས་མོལ་བྱས་ཏེ། ཀྲུང་གོ་དང་འཇར་མན་བར་གྱི་དངོས་གཉེར་མཉམ་ལས་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད།  ཀྲུང་གོ་དང་འཇར་མན་གྱི་མཉམ་ལས་རྨང་གཞི་ནི་ལེགས་ཆ་ཕན་ཚུན་གསབ་རེས་བྱ་རྒྱུ་ཡིན་པ་དང་། དེའི་ངོ་བོ་ནི་གཉིས་ཕན་གཉིས་རྒྱལ་ཡིན་ལ། དངོས་གཉེར་མཉམ་ལས་ཐབས་ཇུས་ཀྱི་ཐད་ཀར་ཕན་པ་ཐོབ་མཁན་ནི་རྒྱལ་ཁབ་གཉིས་པོའི་མི་དམངས་ཡིན། ཕྱོགས་གཉིས་ཀས་ཕན་ཚུན་ལ་སྒོ་མོ་འབྱེད་རྒྱུ་རྒྱུན་འཁྱོངས་བྱེད་དགོས། ཀྲུང་གོས་མུ་མཐུད་དུ་བཅོས་སྒྱུར་ཟབ་སྤེལ་དང་སྒོ་མོ་རྒྱ་ཆེར་འབྱེད་རྒྱུ་ཡིན་ལ། ཀྲུང་གོའི་ཚོང་རའང་ཉིན་རེ་ལས་ཉིན་རེར་སྒོ་ཡངས་པོར་ཕྱེས་ཏེ། ཕྱི་རྒྱལ་གྱི་སྔོན་ཐོན་ལག་རྩལ་དང་ཐོན་རྫས་ནང་འདྲེན་བྱེད་ཚད་སྔར་ལས་ཆེ་རུ་གཏོང་འདོད་ཡོད། ང་ཚོས་ཚོང་ར་ཅན་དང་ཁྲིམས་སྐྱོང་ཅན། རྒྱལ་སྤྱི་ཅན་བཅས་ཀྱི་ཚོང་གཉེར་ཁོར་ཡུག་རྒྱུན་མཐུད་ངང་བསྐྲུན་རྒྱུ་དང་། ཕྱི་རྒྱལ་གྱིས་མ་དངུལ་བཞག་པའི་ཁེ་ལས་ཚུད་པའི་ཚོང་རའི་གྲུབ་ཆ་གཙོ་བོ་སྣ་ཚོགས་ལ་ཕྱོགས་རིས་མེད་བཏོད་རྒྱུ་མིན། རྒྱལ་སྤྱིའི་ཚད་གཞི་བསྐྲུན་པར་ཧུར་ཐག་ཞུགས་ནས། ཀྲུང་གོའི་ཚད་གཞི་དང་རྒྱལ་སྤྱིའི་ཚད་གཞི་གཅིག་མཐུན་ཡོང་ཚད་མཐོ་རུ་གཏོང་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་འཇར་མན་གྱི་ཁེ་ལས་ཀྱིས་ཀྲུང་གོ་ནས་མ་དངུལ་གཏོང་བ་དང་ལས་སྐྲུན་བྱེད་པའི་ཐད་དགའ་བསུ་ཞུ་རྒྱུ་དང་། འཇར་མན་ཕྱོགས་ཀྱིས་ཀྲུང་གོའི་ཁེ་ལས་ཀྱི་སྒོ་མོ་ཡངས་པོར་འབྱེད་རྒྱུའི་རེ་བ་བྱེད་ཀྱི་ཡོད།

མའོ་ཁི་ཨར་གྱིས་བསྟན་དོན། ཕྱོགས་གཉིས་ཀའི་ཐུན་མོང་འབད་བརྩོན་འོག་ཏུ། གཞི་ནས་འཇར་མན་དང་ཀྲུང་གོའི་དཔལ་འབྱོར་ཚོང་དོན་འབྲེལ་བར་འཕེལ་རྒྱས་ཆེན་པོ་བྱུང་ཡོད། འཇར་མན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་སྐད་ཆ་བཤད་རེས་དང་འབྲེལ་འདྲིས་བྱ་རྒྱུར་མུ་མཐུད་ཤུགས་སྣོན་རྒྱག་རྒྱུ་དང་། མཐུན་སྦྱོར་གྱི་ཚད་གཞི་བཟོས་ནས་ཕྱོགས་གཉིས་ཀའི་ཁེ་ལས་ཀྱིས་རྒྱལ་ཁབ་གཉིས་པོའི་དངུལ་གཏོང་ལས་སྐྲུན་ལ་དྲང་གཞག་གི་ཁྲོམ་རའི་ཁོར་ཡུག་བསྐྲུན་དགོས་ལ། ཕྱོགས་གཉིས་ཀས་ཆ་འཕྲིན་འཕྲིན་གཏོང་དང་གཞི་གྲངས་དཔལ་འབྱོར། སླར་སྐྱེས་རུང་བའི་ནུས་ཁུངས་སོགས་ཁྱབ་ཁོངས་མང་པོའི་མཉམ་ལས་ལ་གསོན་ཤུགས་ཆེན་པོ་བསྣན་ནས། གཉིས་ཕན་གཉིས་རྒྱལ་གྱི་རྩ་དོན་མངོན་འགྱུར་བྱེད་འདོད་ཡོད།

བན་དེ་སྐྱབས་ཀྱིས་བསྒྱུར།