མཚོ་སྔོན་ཞིང་ཆེན་གྱི་འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ལག་བསྟར་བྱེད་པའི་ཞིབ་སྡུར་སྐུལ་སྤེལ་གྲོས་ཚོགས་ཟི་ལིང་ནས་ཚོགས།
2021.10.20 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 18

མཚོ་སྔོན་ཞིང་ཆེན་གྱི་འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ལག་བསྟར་བྱེད་པའི་ཞིབ་སྡུར་སྐུལ་སྤེལ་གྲོས་ཚོགས་ཟླ་བཅུ་བའི་ཚེས་བཅུ་དགུ་ཉིན་ཟི་ལིང་ནས་ཚོགས། ཚོགས་ཐོག་ཏུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ཁྱོན་ཡོངས་ནས་ལག་བསྟར་ཡང་དག་དང་ཆ་ཚང་བྱེད་པའི་སྐོར་གྱི་གསུང་བཤད་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ནན་མོ་དང་རྒྱུས་ལོན་གསལ་བོ་བྱས་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ལག་བསྟར་བྱེད་པའི་ཐད་ནས་ཞིབ་སྡུར་བརྗེ་རེས་དང་བཀོད་སྒྲིག་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་ཅན་ཅུན་གྱིས་མགོ་འཛིན་བྱས་པར་མ་ཟད་གཏམ་བཤད། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཞིན་ཁྲང་ཞིང་གིས་གཏམ་བཤད།

ཝང་ཅན་ཅུན་གྱིས་བསྟན་དོན། གསར་གཏོད་དང་མཐུན་སྦྱོར། ལྗང་མདོག སྒོ་འབྱེད། མཉམ་སྤྱོད་ཀྱི་འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ནི། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་ནང་དོན་གལ་ཆེན་དང་། རང་རྒྱལ་གྱི་དཔལ་འབྱོར་སྤྱི་ཚོགས་རྒྱུན་མཐུད་དང་བདེ་ཐང་ངང་འཕེལ་རྒྱས་སུ་གཏོང་བའི་ཚན་རིག་གི་འདུ་ཤེས་ཡིན། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ནི་སྤྱི་ཁོག་གི་ལྟ་བ་ཡིན་པས། ངེས་པར་དུ་བྱང་ཆུབ་པར་བྱེད་དགོས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ནི་ཁྱོན་ཡོངས་ཆ་ཚང་དང་ཕྱི་ནང་ལྟ་རྟོག གསོན་ཉམས་ལྡན་པ། རྩོད་སྒྲུབ་དངོས་གཉེར་གྱི་འདུ་ཤེས་ཡིན་པས། སྤྱི་ཁོག་ནས་བྱང་ཆུབ་པར་བྱེད་པ་དང་མཉམ་དུ་ལག་བསྟར་བྱེད་པ་ལས། ཡང་ལྕི་ཤོར་མི་རུང་བ་དང་གཅིག་འཛིན་གཅིག་ཤོར་བྱེད་མི་རུང་། མ་ལག་འདུ་ཤེས་འཛུགས་ན། ནང་ཁོག་གི་འབྲེལ་འདྲིས་ལ་རྒྱུས་ལོན་བྱེད་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ལག་བསྟར་བྱེད་པའི་སྤྱི་ཡོངས་རང་བཞིན་དང་སྤྱི་ཁོག་རང་བཞིན། མཐུན་སྦྱོར་རང་བཞིན་ཇེ་དྲག་ཏུ་གཏོང་བ། ལག་ལེན་ཁྲོད་གོ་དོན་མཐིལ་རྟོགས་བྱེད་པ། བྱང་ཆུབ་པར་བྱེད་པ་ནི་ཆེས་བཟང་བའི་ལག་བསྟར་ཡིན། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ནི་ཤེས་རྟོགས་ཀྱི་རྣམ་བཤད་ཡིན་པས། ངེས་པར་དུ་ཁོང་དུ་ཆུད་པར་བྱེད་དགོས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ནི་དུས་རབས་གསར་བའི་ནང་འཕེལ་རྒྱས་ཅི་འདྲ་ཞིག་མངོན་འགྱུར་བྱེད་པ་དང་། འཕེལ་རྒྱས་ཅི་ལྟར་མངོན་འགྱུར་བྱེད་པའི་དྲིས་ལན་ཡིན་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལས་དོན་གྱི་གནས་ལྔ་གཞི་གཅིག་གི་སྤྱི་ཁོག་གི་བཀོད་སྒྲིག་དང་ཁྱོན་ཡོངས་བཞིའི་འཐབ་ཇུས་བཀོད་སྒྲིག་ལག་བསྟར་བྱེད་པའི་རྨང་གཞི་གཙོ་བོ་ཡིན་པས། ངེས་པར་དུ་སློབ་སྦྱོང་དཔྱིན་ཕྱིན་པ་བྱེད་པ་དང་རྒྱུས་ལོན་ཞིབ་མོ་བྱེད་པ། ཁྱོན་ཡོངས་ནས་ངོས་འཛིན་བྱས་ཏེ། སེམས་ཁོང་དུ་ཆུད་པར་བྱེད་དགོས། སེམས་གཏིང་ནས་འདུ་ཤེས་དེར་བརྩི་འཇོག་དང་བརྟན་སྲུང་བྱས་ནས། འདུ་ཤེས་དེ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ནུས་པར་འགྱུར་བར་བྱེད་དགོས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ནི་བཀོད་འདོམས་དབྱུག་པ་ལྟ་བུ་ཡིན་པས། ངེས་པར་དུ་དང་ལེན་བྱེད་དགོས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ནི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་རེ་བ་ཡིན་ལ། ཆབ་སྲིད་ཀྱི་རེ་བ་གལ་ཆེན་དེ་ལས་ཀྱང་ཡིན་པ་དང་། ཆབ་སྲིད་གོ་རྟོགས་ཀྱི་ནུས་པ་དང་བརྡར་གཅོད་ཀྱི་ནུས་པ། ལག་བསྟར་གྱི་ནུས་པའི་ཚད་འཇལ་བའི་ཚད་ཁྲེ་གལ་ཆེན་ཡིན། ཏང་ཀྲུང་དབྱང་གིས་བཏོན་པའི་གྲོས་གཞི་མཐའ་གཅིག་ཏུ་དང་ལེན་བྱེད་པ་དང་ཏང་ཀྲུང་དབྱང་གི་གཏན་ཁེལ་མཐའ་གཅིག་ཏུ་ལག་བསྟར་བྱེད་པ། ཏང་ཀྲུང་དབྱང་གིས་བཀག་འགོག་བྱེད་པ་གཏན་ནས་མི་བསྒྲུབ་པ་རྒྱུན་འཁྱོངས་བྱས་ནས། བསམ་བློ་དང་ཆབ་སྲིད། འགུལ་སྐྱོད་སྟེང་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་དང་གཅིག་གྱུར་མཐོན་པོ་བྱེད་དགོས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ནི་བཟོ་སྐྲུན་འཆར་འགོད་པར་རིས་ཡིན་པས། ངེས་པར་དུ་བཀོལ་སྤྱོད་བྱེད་དགོས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་དེ་ལག་ལེན་དང་ལག་ལེན་ལ་མཛུབ་སྟོན་བྱེད་པ་ནས་བྱུང་བ་ཡིན་ལ། ལག་ལེན་ལ་མཛུབ་སྟོན་བྱེད་པའི་ཁྲོད་སྐུལ་འདེད་ནུས་ཤུགས་ཆེན་པོ་བྱུང་བ་དང་། ལག་ལེན་ལས་དེ་ནི་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཚན་རིག་དང་མཐུན་པའི་བྱེད་ཐབས་རྣམ་བཤད་ཡིན་པ་ར་འཕྲོད་བྱུང་། འཕེལ་རྒྱས་ནི་རྒྱུན་མི་ཆད་པར་འགྱུར་ལྡོག་བྱུང་བཞིན་པའི་རྒྱུད་རིམ་ཞིག་ཡིན་པ་དང་། རྒྱུད་རིམ་དེ་འཁོར་རྒྱུག་བཟང་བོ་བྱེད་པའི་སྒྲིག་ལམ་ནི་གློག་དམར་དང་འཕྲད་ན་མཚམས་འཇོག་པ་དང་གློག་ལྗང་ལ་འཕྲད་ཚེ་བགྲོད་ཆོག་པ་དེ་ཡིན། དོ་སྣང་བྱེད་ས་དོ་མི་མཉམ་པ་དང་ཆ་མི་ཚང་བའི་གནད་དོན་སྣ་ཚོགས་ཐག་གཅོད་པའི་སྟེང་གཅིག་བསྡུས་བྱེད་པ་དང་། ཡོད་ཚད་གནས་ཚུལ་དངོས་ལ་རྐང་འཛུགས་པ་དང་དངོས་ཐོག་བདེན་འཚོལ་བྱེད་པ། ཆོས་ཉིད་ལྟར་བྱ་བ་བསྒྲུབ་པའི་གཅིག་བསྡུས་བྱེད་པ། མི་དམངས་དཀྱིལ་སྙིང་དུ་འཛིན་པའི་འཕེལ་རྒྱས་ཀྱི་དགོངས་པའི་སྟེང་གཅིག་བསྡུས་བྱེད་པ། མཉམ་དུ་ཕྱུག་པོར་བསྒྱུར་བའི་སྟེང་གཅིག་བསྡུས་བྱེད་པ། སྟོབས་ཤུགས་ཡོད་རྒུས་གནས་བཞི་འཛུགས་སྐྲུན་བྱེད་པའི་སྟེང་གཅིག་བསྡུས་བྱེད་པ། འཕེལ་རྒྱས་དང་བདེ་འཇགས་ལ་གཅིག་གྱུར་འཆར་འགོད་བྱེད་པའི་གཅིག་བསྡུས་བྱེད་པ། འོས་འཚམ་དང་ལུགས་མཐུན་མིན་པའི་འཕེལ་རྒྱས་ཀྱི་འདུ་ཤེས་གསར་བའི་ཐད་ཀྱི་ངོས་འཛིན་དང་སྤྱོད་ཚུལ། བྱེད་ཐབས་ལེགས་སྒྲིག་དང་ཡོ་བསྲང་བྱེད་པ་དང་མེད་པར་བཟོས་ནས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བའི་དར་ཆ་དེ་མཚོ་སྔོན་ས་ཆ་ནས་མཐོན་པར་བསྒྲེང་ཐུབ་པར་བྱེད་དགོས།

ཝང་ཅན་ཅུན་གྱིས་ནན་གྱིས་བསྟན་དོན། འཕེལ་རྒྱས་དང་བདེ་འཇགས་ཀྱི་དོན་ཆེན་གཉིས་ལ་གཅིག་གྱུར་འཆར་འགོད་བྱེད་པ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་རེ་བ་ལྟར། ཆབ་སྲིད་ཀྱི་འགན་འཁྲི་དང་སྒྲིག་ལམ་གྱི་རེ་བའི་མཐོ་ཚད་ནས་རིམས་ནད་འགོག་སྡོམ་དམ་འཛིན་བྱེད་པ་དང་། ལྷོད་གཡེང་སྤུ་ཙམ་ཡང་མི་བྱེད་པར་འགོག་སྡོམ་གྱི་གྲུབ་འབྲས་མཐའ་གཅིག་ཏུ་བརྟན་སྲུང་བྱེད་དགོས། དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་བ་དང་། དུས་ཚིགས་བཞི་བར་འབད་འཐབ་བྱེད་པ། དམིགས་འབེན་ལ་དམ་དུ་དམིགས་པ་དང་སྤོབས་པ་ཆེར་སྐྱེད་པ། ཆོས་ཉིད་བརྩི་སྲུང་དང་དངོས་ཐོག་བདེན་འཚོལ་བྱས་ཏེ། ལོ་ཧྲིལ་བོའི་དམིགས་འབེན་ལས་འགན་ཡོངས་འགྲུབ་བྱེད་པ་དང་། ལོ་ལྔའི་འཆར་འགོད་བཅུ་བཞི་པའི་འགོ་བཟང་བོ་རྩོམ་དགོས།

ཞིན་ཁྲང་ཞིང་གིས་ནན་གྱིས་བསྟན་དོན། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་ཆབ་སྲིད་ཀྱི་ལངས་གནས་མཐོར་འདེགས་གཏོང་བ་དང་། བསམ་བློ་རང་རྟོགས་ཇེ་བརྟན་དུ་གཏོང་བ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འཕེལ་རྒྱས་ཀྱི་འདུ་ཤེས་གསར་བའི་སྐོར་གྱི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་བྱེད་པ་རྒྱུན་འཁྱོངས་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་མཚོ་སྔོན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས་སྐབས་དང་མཚོ་སྔོན་དུ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་བྱེད་པ་གཉིས་ལ་འབྲེལ་མཐུད་བྱེད་པ། ཆབ་སྲིད་གླེང་བའི་མཐོ་ཚད་དང་མ་ལག་འདུ་ཤེས་ཀྱི་ཁྱབ་ཁོངས། སྤྱི་ཡོངས་ལ་ཞབས་འདེགས་ཞུ་བའི་ཟུར་ངོས་ནས་སློབ་སྦྱོང་བྱེད་པའི་ཁྲོད་ལག་ལེན་གཏིང་ཟབ་ཏུ་གཏོང་བ་དང་། ལག་ལེན་ཁྲོད་ངོས་འཛིན་གཏིང་ཟབ་ཏུ་གཏོང་བ། བསམ་བློའི་རང་རྟོགས་བརྟན་པོས་ཤུགས་ལྡན་པའི་འགུལ་སྐྱོད་རང་རྟོགས་གྲུབ་པར་སྐུལ་འདེད་གཏོང་དགོས། བྱ་བའི་བསམ་ཕྱོགས་འཐུས་ཚང་དུ་གཏོང་བ་དང་། དཀའ་ངལ་ཁྱད་སེལ་བྱེད་པ། གསར་གཏོད་ལ་བརྟེན་ནས་སྒུལ་ཤུགས་ཆེར་སྐྱེད་པར་དོ་སྣང་བྱེད་པ། ཚན་རྩལ་སྒྲིག་གཞི་རྐྱེན་སྲོལ་གྱི་བཅོས་བསྒྱུར་སྤེལ་བ། ཐོན་ལས་མུ་ཐག་ལ་དམིགས་ནས་གསར་གཏོད་མུ་ཐག་བཀོད་སྒྲིག་བྱས་ནས། གསར་གཏོད་ཐད་ཀྱི་ཤེས་ལྡན་མི་སྣའི་དཔུང་སྡེ་འཛུགས་སྐྲུན་ལ་ཤུགས་སྣོན་དགོས། མཐུན་སྦྱོར་ལ་བརྟེན་ནས་དོ་སྙོམས་ལ་སྐུལ་འདེད་གཏོང་བ་དང་། རང་འགུལ་གྱིས་མཉམ་ལས་ལ་སྐུལ་འདེད་གཏོང་བའི་ཁྲོད་འདྲེས་པར་བྱེད་པ་དང་། གྲུབ་ཚུལ་ལེགས་སྒྲིག་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ཞིང་སྡེ་ལ་རོགས་བྱེད་པར་བརྟེན་ནས་དར་སྤེལ་ལ་སྐུལ་འདེད་གཏོང་དགོས། ལྗང་མདོག་ལ་བརྟེན་ནས་དགེ་མཚན་བསྐྲུན་པ་དང་། སྐྱེ་ཁམས་སྲུང་སྐྱོབ་དམ་འཛིན་བྱེད་པ། གོ་རིམ་ལྡན་པའི་སྒོ་ནས་ཐཱན་གཉིས་བྱ་བ་སྤེལ་ནས། ཐབས་མང་མཉམ་སྤྱོད་ཀྱིས་སྐྱེ་ཁམས་རིན་ཐང་བསྒྱུར་བར་སྐུལ་འདེད་གཏོང་དགོས། སྒོ་འབྱེད་ལ་བརྟེན་ནས་བར་སྟོང་རྒྱ་སྐྱེད་པ་དང་། འཁོར་རྒྱུག་ཆེན་པོར་ཞབས་འདེགས་ཞུ་བ། འཁོར་རྒྱུག་ཟུང་ཁྲོད་འདྲེས་པར་བྱས་ཏེ། ནང་ཁོག་གི་འཁོར་རྒྱུག་ལེགས་བསྒྱུར་བྱེད་དགོས། མཉམ་སྤྱོད་ལ་བརྟེན་ནས་སྐྱིད་སྣང་ཆེར་སྐྱེད་པ་དང་། སྤུས་ལེགས་སྤྱི་ཐུན་ཞབས་ཞུའི་མཁོ་འདོན་ཁ་སྣོན་བྱེད་པ། ལས་ཞུགས་ཡོང་འཕར་གྱི་ལམ་བུ་རྒྱ་སྐྱེད་དེ། མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་དགོས།

ཚོགས་ཐོག་ཏུ། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྒྱུན་ལས་ཧྲིན་ཀྲང་གཞོན་པ་ལིས་ཅེ་ཞང་གིས་རང་ཞིང་གི་འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ལག་བསྟར་བྱེད་པའི་ཐད་ཀྱི་འབྲེལ་ཡོད་བྱ་བའི་གནས་ཚུལ་ཁྱབ་བསྒྲགས་བྱས། ཞིང་ཆེན་གྱི་འགོ་ཁྲིད་མགོན་པོ་བཀྲ་ཤིས་དང་ཁྲིན་རུའེ་ཧྥིན། ཝང་ལིས་མེན། ཀྲའོ་ཡུའེ་ཞ། ཁོང་ཡུང་། དབྱང་ཧྥིན་ཁྲུན། ཀྲང་ལིས། དབྱང་ཀྲི་ཝུན། ལིའུ་ཁྲའོ། ལིས་ཧུང་ཡ་བཅས་གྲོས་ཚོགས་ལ་ཞུགས། ཞིང་ཆེན་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་དང་ཟི་ལིང་གྲོང་ཁྱེར་སྲིད་གཞུང་། མཚོ་ནུབ་ཁུལ་སྲིད་གཞུང་། ཡུས་ཧྲུའུ་ཁུལ་སྲིད་གཞུང་། མཚོ་སྔོན་ཚྭ་མཚོ་བཟོ་ལས་མ་རྐང་ཚད་ཡོད་ཀུང་ཟི། རྨ་ཆུའི་སྟོད་རྒྱུད་ཆུ་གློག་གསར་སྤེལ་ཚད་ཡོད་འགན་ལེན་ཀུང་ཟི་བཅས་ཀྱི་འགན་ཁུར་བློ་མཐུན་གྱིས་ཉམས་མྱོང་བརྗེ་རེས་བྱས་པར་མ་ཟད་གཏམ་བཤད།

རིན་ཆེན་མཚོས་བསྒྱུར།