ཟླ་བཅུ་བའི་ཚེས་བཅུ་དགུ་ཉིན། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་སོ་གཅིག་པས་ཀྲུང་དབྱང་དམངས་ཆེན་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་གྲོས་ཚོགས་ལ་ཞུགས་པར་མ་ཟད་གསུང་བཤད་གནང་།
ཚེས་བཅུ་དགུ་ཉིན་གྱི་ཕྱི་དྲོར། གྲོས་ཚོགས་ཀྱིས་ཚན་ཁག་བགོས་ནས་སློབ་སྦྱོང་བྱས། ལིས་ཀྲན་ཧྲུའུ་ཡིས་བསྟན་དོན། ཀྲུང་དབྱང་དམངས་ཆེན་བྱ་བའི་གྲོས་ཚོགས་དེ་རང་རྒྱལ་སྤྱི་ཚོགས་རིང་ལུགས་ཆབ་སྲིད་འཕེལ་རྒྱས་འཕེལ་རིམ་ཁྲོད་དུ་ལམ་ཚད་རྡོ་རིང་ལྟ་བུའི་དོན་སྙིང་གལ་ཆེན་ལྡན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལས་ཏང་གིས་མི་དམངས་ལ་མགོ་ཁྲིད་དེ་མི་དམངས་འཐུས་མིའི་ཚོགས་ཆེན་ལམ་ལུགས་བཙུགས་པ་དང་སྲ་བརྟན་དུ་བཏང་བ། འཕེལ་རྒྱས་སུ་བཏང་བའི་འོད་སྟོང་འབར་བའི་ལོ་རྒྱུས་བརྒྱུད་རིམ་ལ་ཕྱིར་དྲན་བྱས་ཤིང་། ཅིས་ཀྱང་རྒྱུན་འཁྱོངས་བྱེད་དགོས་པ་དྲུག་ལ་བརྟེན་ནས་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ་ཏང་ཀྲུང་དབྱང་གིས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་ལམ་ལུགས་རིགས་གཞུང་དང་ལག་ལེན་གསར་སྐྲུན་ལ་སྐུལ་འདེད་བཏང་བའི་འདུ་ཤེས་གསར་བ་དང་དགོངས་པ་གསར་བ། རེ་བ་གསར་བ་སྤྱི་སྡོམ་ཞིབ་མོ་བྱས་པ་དང་། དུས་རབས་གསར་བར་མི་དམངས་འཐུས་མིའི་ཚོགས་ཆེན་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བ་དང་དམངས་ཆེན་བྱ་བར་ཤུགས་སྣོན་དང་ལེགས་སྒྱུར་བྱེད་པའི་ཐད་ལ་ཕྱོགས་དྲུག་གི་ལས་འགན་གཙོ་བོ་བཏོན་ཡོད་ལ། ཏང་གི་དམངས་གཙོ་སྐོར་གྱི་ལངས་ཕྱོགས་དང་འདུ་ཤེས། གཞི་རྩའི་ལྟ་བ་བཅས་རྒྱས་བཤད་བྱས་པ་དང་། བརྒྱུད་རིམ་ཡོངས་ཀྱི་མི་དམངས་དམངས་གཙོའི་འདུ་ཤེས་དང་ལག་ལེན་གལ་ཆེན་གོ་རིམ་ལྡན་པར་རྒྱས་བཤད་བྱས་ཡོད། གསུང་བཤད་དེས་ང་ཚོས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཆབ་སྲིད་ལམ་ལུགས་ཐད་བཅངས་པའི་ཡིད་ཆེས་སྔར་ལས་ཇེ་བརྟན་དུ་གྱུར་བ་དང་། ང་ཚོས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཆབ་སྲིད་འཕེལ་རྒྱས་བགྲོད་ལམ་ཐད་བཅངས་པའི་ཡིད་ཆེས་སྔར་ལས་ཇེ་བརྟན་དུ་གྱུར་ཟེར།
ཚང་མས་གཅིག་གྱུར་སྒོས་བཤད་དོན། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཆབ་སྲིད་ལམ་ལུགས་དང་ཆབ་སྲིད་འཕེལ་རྒྱས་བགྲོད་ལམ་གྱི་ལོ་རྒྱུས་ཀྱི་དགོས་ངེས་དང་ཁྱད་སྟོབས་ཕན་ནུས་ངོས་འཛིན་ཟབ་མོ་བྱེད་པ་དང་། མི་དམངས་འཐུས་མིའི་ཚོགས་ཆེན་ལམ་ལུགས་ཀྱི་རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་ཁྲོད་ཀྱི་གཏན་གནས་དང་ནུས་པ་ངོས་ཟིན་ཟབ་མོ་བྱེད་པར་མ་ཟད། བྱ་བའི་གྲུབ་འབྲས་དངོས་ལ་བརྟེན་ནས་དུས་རབས་གསར་བར་དམངས་ཆེན་བྱ་བའི་ཐད་གནང་བའི་ལོ་རྒྱུས་འགན་འཁྲི་ཁག་ཁུར་བྱེད་པ་ཡིན་ཟེར།
བཀྲ་ཤིས་འབུམ་གྱིས་བསྒྱུར།