ཁྲིན་རུའེ་ཧྥིན་གྱིས་ཟི་ལིང་གྲོང་ཁྱེར་ཡོངས་ཀྱི་རིམས་ནད་འགོག་སྡོམ་ལས་དོན་ལ་སླར་ཡང་བླང་བྱ་ནན་མོ་བཏོན།
2021.10.24 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 23

ཟླ་བཅུ་པའི་ཚེས་ཉེར་གསུམ་ཉིན། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཟི་ལིང་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་ཁྲིན་རུའེ་ཧྥིན་གྱིས་སླར་ཡང་ཟི་ལིང་གྲོང་ཁྱེར་ཡོངས་ཀྱི་རིམས་ནད་འགོག་སྡོམ་ལས་དོན་ཐད་བླང་བྱ་ནན་མོ་བཏོན།

ཁྲིན་རུའེ་ཧྥུན་གྱིས་བསྟན་དོན། རིམས་ནད་འགོག་སྡོམ་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ནས་གྲོང་ཁྱེར་ཡོངས་ཀྱི་སྤྱི་ཚོགས་སྟེང་གི་རིམས་ནད་འགོག་སྡོམ་ལས་དོན་ཏན་ཏིག་ངང་སྒྲུབ་དགོས། འགན་འཁྲི་དོན་འཁྱོལ་ལ་ཤུགས་བསྣན་ཏེ། སྡེ་ཁག་དང་ལས་ཁུངས། མི་སྒེར་བཅས་ཀྱི“ཕྱོགས་བཞིའི་འགན་འཁྲི”དོན་འཁྱོལ་ནན་མོ་བྱས་ནས། མེ་འཁོར་འབབ་ཚིགས་དང་རླངས་འཁོར་ས་ཚིགས། གནམ་གྲུ་ཐང་། སློབ་གྲྭ། ཁྲོམ་ར། སྒོ་བསྟེན་ཚོང་ཁང་སོགས་མི་སྣ་འདུ་འཛོམས་མང་བའི་ས་ཁུལ་དང་། གཙོ་གནད་ས་ཁོངས་དང་གཙོ་གནད་ས་ཁུལ་དུ་རྩ་གཉིས་ཨང་རྟགས་ཞིབ་བཤེར་དང་དྲོད་ཚད་བརྟག་འཇལ། ཁ་ཐུམ་རྒྱག་པ་སོགས་ཀྱི་རིམས་འགོག་བྱེད་ཐབསས་དོན་འཁྱོལ་བྱས་ནས། ས་ཁུལ་གཅིག་ཀྱང་མ་བསྐྱུར་མ་ལྷག་པའི་སྒོ་ནས་རིམས་འགོག་བྱེད་དགོས།

ཁྲིན་རུའེ་ཧྥུན་གྱིས་ནན་གྱིས་བསྟན་དོན། དྲིལ་བསྒྲགས་སློབ་གསོར་ཤུགས་སྣོན་པ་དང་རིམས་ནད་འགོག་སྡོམ་གྱི་ཤེས་བྱ་རྒྱ་ཁྱབ་ངང་ཁྱབ་གདལ་དུ་བཏང་ནས། མང་ཚོགས་ཀྱི་འགོག་སྲུང་འདུ་ཤེས་ཇེ་དྲག་ཏུ་བཏང་སྟེ། གྲོང་ཁྱེར་ཧྲིལ་པོའི་མི་ཚང་མ་རིམས་འགོག་ནང་ཞུགས་པ་དང་། ཚན་རིག་དང་མཐུན་པའི་ངང་སྔོན་འགོག་ཚོད་འཛིན་བྱེད་པ། མཉམ་འགོག་མཉམ་བཅོས་བཅས་ཀྱི་ལས་ཀའི་རྣམ་པ་གྲུབ་པར་བྱེད་དགོས། གླེང་ཕྱོགས་ཀྱི་ཁྲིད་སྟོན་ལ་ཤུགས་བསྣན་ནས། བློ་གཏད་ཆོག་པའི་ཆ་འཕྲིན་དུས་ཐོག་དང་གནད་འཁེལ་ངང་ཡོངས་བསྒྲགས་བྱས་ཏེ་མང་ཚོགས་ཀྱི་དོ་ཁུར་ལ་ལན་སྤྲོད་དགོས། གྲོང་ཁྱེར་གྱི་རིམ་པ་སོ་སོའི་མགོ་ཁྲིད་ཀྱིས་འབྲེལ་གཏུག་འགན་འཁྲི་ཏན་ཏིག་ངང་སྒྲུབ་རྒྱུ་དང་ལྟ་སྐུལ་མཛུབ་ཁྲིད་ལ་ཤུགས་བསྣན་ནས། རིམས་ནད་འགོག་སྡོམ་གྱི་འཛིང་རགས་བརྟན་པོ་ཞིག་བསྐྲུན་པར་འབད་འབུངས་ལྷུར་ལེན་བྱེད་དགོས།

བན་དེ་སྐྱབས་ཀྱིས་བསྒྱུར།