རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མཉམ་འགོག་མཉམ་སྡོམ་རྐྱེན་སྲོལ་གྱིས་རིམས་ནད་མཆེད་པའི་ཉེན་ཁ་སྔར་བཞིན་ཆེ་བས་མིག་སྔའི་རིམས་འགོག་བྱེད་ཐབས་ལྷོད་གཡེང་དུ་གཏོང་མི་རུང་ཞེས་བསྟན།
2021.10.25 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 108

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མཉམ་འགོག་མཉམ་སྡོམ་རྐྱེན་སྲོལ་གྱིས་ཚེས་ཉེར་བཞི་ཉིན་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་བསྡུས་ནས། སྟོན་དགུན་དུས་ཚིགས་ཀྱི་རིམས་ནད་འགོག་སྡོམ་ལ་ཤུགས་སྣོན་པ་དང་འགོག་སྨན་བརྒྱབ་པའི་འབྲེལ་ཡོད་གནས་ཚུལ་མཚམས་སྦྱོར་བྱས།

རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་འགན་ཁུར་མི་སྣས་མཚམས་སྦྱོར་བྱས་པ་ལྟར་ན། ཟླ་བཅུ་པའི་ཚེས་བཅུ་བདུན་ཉིན་གྱི་ཚུན་ལ། རྒྱལ་ནང་གི་ས་ཆ་མང་པོ་རུ་རང་ས་གནས་ཀྱི་ནད་པ་བྱུང་བ་དང་། ནད་ཡམས་མགྱོགས་མྱུར་ངང་མཆེད་པའི་གནས་བབ་མངོན་པས། རིམས་ནད་སྔར་ལས་མཆེད་པའི་ཉེན་ཁ་སྔར་བཞིན་ཇེ་ཆེར་སོང་ཡོད། ད་ལྟའི་འཁོར་སྐྱོད་རྟོག་ཞིབ་དང་ནད་དུག་བརྟག་འཇལ་གྱི་མཇུག་འབྲས་ལྟར་ན། ནད་པའི་ནད་དུག་གི་གཞི་རྒྱུ་གྲུབ་ཆའི་གོ་རིམ་དེ་རྒྱལ་ནང་གི་དེ་སྔོན་གྱི་ནད་ཡམས་ཀྱི་ཁུངས་དང་འདྲ་ས་ཆེར་མེད་པས། ཐེངས་འདིའི་རིམས་ནད་ནི་ཕྱི་རྒྱལ་ནས་ནང་དུ་མཆེད་པ་ལས་བྱུང་བ་ཡིན་པ་གསལ་འདེབས་བྱས་པ་ཡིན་ཟེར། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་རིམས་ནད་བྱུང་བའི་ས་ཁུལ་གྱིས་མྱུར་དུ་བྲེལ་མྱུར་བྱེད་ཐབས་སྤྱོད་དགོས་ལ། རིམས་ནད་བྱུང་མེད་པའི་ས་ཁུལ་གྱིས་ལྟ་སྐུལ་བརྟག་འཇལ་དང་སྔོན་བརྡ་རྒྱག་པར་ཤུགས་སྣོན་དགོས། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་རྒྱལ་ཡོངས་ཀྱི་ཉིང་སྐྱུར་བརྟག་འཇལ་ལས་ཁུངས་ཀྱི་གཞི་གྲངས་མཛོད་བཙུགས་ཡོད་ལ། རྒྱལ་ཡོངས་ཀྱི་ཉིང་སྐྱུར་ཚད་འཇལ་བྱེད་ས་བརྒྱད་སྟོང་ལྔ་བརྒྱ་ལྷག་གི་རྒྱུ་ཆ་གཅིག་སྡུད་བྱས་ཡོད་པར་མ་ཟད་བསྟུད་མར་གསར་སྒྱུར་བྱེད་བཞིན་ཡོད། ཉེ་སྔོན་རྒྱལ་ཡོངས་ཀྱི་ས་ཁུལ་ཁ་ཤས་ཀྱིས་པྲོ་གསར་གློ་ཚད་ནད་དུག་གི་ཁ་སྣོན་འགོག་སྨན་རྒྱག་པའི་བྱ་བ་སྒྲུབ་མགོ་བརྩམས་ནས། འགོས་མཆེད་ཀྱི་ཉེན་ཁ་ཆེ་བའི་མི་ཚོགས་དང་སྤྱི་ཚོགས་ཀྱི་གཞི་རྩའི་འཁོར་སྐྱོད་ལ་འགན་སྲུང་བྱེད་པའི་གནད་འགག་ལས་གནས་སྟེང་གི་མི་སྣར་སྔོན་ལ་འགོག་སྨན་རྒྱག་བཞིན་ཡོད།

འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ཡི་འབྲེལ་ཡོད་འགན་ཁུར་མི་སྣས་མཚམས་སྦྱོར་བྱས་པ་ལྟར་ན། མིག་སྔའི་བར་དུ། ཀན་སུའུ་ཡི་ལན་ཀྲིག་དང་ཅ་ཡུས་ཀོན། ཀྲང་ཡེ་གྲོང་ཁྱེར་དང་། ནང་སོག་གི་ཨར་ལེན་ཧའོ་ཐི་གྲོང་ཁྱེར་དང་ཨིག་ཅི་ནཱ་ཆི་སོགས་ས་ཆ་རུ་བགྲོད་ལམ་འགྲུལ་སྐྱེལ་ཞབས་ཞུ་ཡོངས་སུ་མཚམས་བཞག་ཡོད་ལ། རིམས་ནད་དང་འབྲེལ་བའི་ས་ཁུལ་གྱི་དུག་སེལ་དང་མི་སྣ་འགོག་སྡོམ་སོགས་ཀྱི་བྱ་བ་སྒྲུབ་བཞིན་ཡོད།

རིག་གནས་དང་ཡུལ་སྐོར་པུའུ་ཡི་འབྲེལ་ཡོད་འགན་ཁུར་མི་སྣས་བཤད་རྒྱུར། ཞིང་ཆེན་བརྒལ་བའི་ཡུལ་སྐོར་མྱུར་མོར་མཚམས་འཇོག་ཏུ་འཇུག་པའི་བྱེད་ཐབས་སྤྱོད་བཞིན་ཡོད་ལ། མིག་སྔའི་བར་དུ། པེ་ཅིང་དང་ནང་སོག ཀོས་ཀྲིག ཀན་སུའུ། ཉིང་ཞ་བཅས་ཞིང་ལྗོངས་གྲོང་ཁྱེར་ལྔས་གནས་སྐབས་སུ་ཞིང་ཆེན་བརྒལ་བའི་ཡུལ་སྐོར་གཉེར་མཚམས་བཞག་ཡོད་ལ། རྒྱལ་ཡོངས་སུ་ཡུལ་སྐོར་ཆེད་གཏོང་མེ་འཁོར་གཏོང་མཚམས་བཞག་ཡོད་ཟེར།

སྒོ་ཁྲལ་སྤྱི་ཁྱབ་ཧྲུའུ་ཡིས་འབྲེལ་ཡོད་མི་སྣས་བཤད་རྒྱུར། ཕྱི་རྒྱལ་ནས་ཡོང་བའི་མི་སྣ་ཡོངས་རྫོགས་བརྒྱུད་སྤྲོད་བརྒྱུད་འདྲུད་བྱེད་པ་དང་ཆ་འཕྲིན་ཡོངས་བསྒྲགས་ནན་མོ་བྱས་ཏེ། སྦྲེལ་མཐུད་ཆད་མེད་དང་དོ་དམ་ལྷོད་མེད་བྱེད་བཞིན་ཡོད་ལ། དེ་དང་མཉམ་དུ་ཕྱི་རྒྱལ་གྱི་འཁྱག་འཇོག་ཟས་རིགས་ཐོན་སྐྱེད་ཁེ་ལས་ལ་ཞིབ་བཤེར་བྱེད་ཤུགས་ཇེ་ཆེར་བཏང་བ་དང་། བྱ་བ་སྒྲུབ་མཁན་ལ་བཀག་སྡོམ་དོ་དམ་བྱེད་ཐབས་ལག་བསྟར་ནན་མོ་བྱས་ཏེ། རིམས་འགོག་ནུས་ཤུགས་ལ་བསྟུད་མར་ཇེ་ཆེར་གཏོང་བཞིན་ཡོད་ཟེར།

ཕྱུག་ལོས་བསྒྱུར།