ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གིས་སྐབས་བཅུ་དགུ་པའི་ཀྲུང་དབྱང་གི་སྐོར་ཞིབ་ཐེངས་དྲུག་པའི་ལེགས་བཅོས་གནས་ཚུལ་ཁྱབ་སྒྲོག་བྱས། 
2021.10.25 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 23

ཀྲུང་དབྱང་གི་གཅིག་གྱུར་བཀོད་སྒྲིག་ལྟར། ཉིས་སྟོང་ཉི་ཤུ་ལོའི་ཟླ་བཅུ་པའི་ཚེས་བཅུ་གཉིས་ཉིན་ནས་ཟླ་བཅུ་གཉིས་པའི་ཚེས་ཉི་ཤུའི་ཉིན་བར། ཀྲུང་དབྱང་གི་སྐོར་ཞིབ་ཚན་ཆུང་ཐེངས་བཅོ་ལྔ་པས་མཚོ་སྔོན་ཞིང་ཆེན་དུ་རྒྱུན་སྲོལ་སྐོར་ཞིབ་བྱས། ཉིས་སྟོང་ཉེར་གཅིག་ལོའི་ཟླ་གཉིས་པའི་ཚེས་ལྔ་ཉིན། ཀྲུང་དབྱང་སྐོར་ཞིབ་ཚན་ཆུང་གིས་མཚོ་སྔོན་ཞིང་ཆེན་ཏང་ཨུ་ལ་སྐོར་ཞིབ་བསམ་འཆར་བཏོན། སྐོར་ཞིབ་བྱ་བའི་འབྲེལ་ཡོད་རེ་བ་ལྟར། ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གིས་ཟླ་བཅུ་པའི་ཚེས་ཉེར་བཞི་ཉིན་སྐོར་ཞིབ་ཀྱི་ལེགས་བཅོས་གནས་ཚུལ་ཁྱབ་སྒྲོག་བྱས།

གཅིག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་གཏིང་ཟབ་ཏུ་ལག་ལེན་མཐར་ཕྱིན་བྱས་ཏེ། སྐོར་ཞིབ་ལེགས་བཅོས་ཀྱི་འགན་འཁྲི་གཙོ་བོ་མཐའ་གཅིག་ཏུ་ཁུར་དུ་བླངས་ནས། སྐོར་ཞིབ་ལེགས་བཅོས་ཀྱི་དོན་དངོས་འགུལ་སྐྱོད་ལས་སྲུང་སྐྱོབ་གཉིས་ལག་བསྟར་བྱས་པ་སྟེ། ཆབ་སྲིད་ལངས་གནས་ཇེ་མཐོར་བཏང་བ་དང་རྩ་འཛུགས་མགོ་ཁྲིད་ལ་ཤུགས་བསྣན་ཞིང་། ལེགས་བཅོས་འགན་འཁྲི་དངོས་འབེབ་བྱས་ཡོད་ལ། གནད་དོན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱས་པ་དང་བྱ་བའི་རྐྱེན་སྲོལ་འཐུས་ཚང་དུ་བཏང་ཡོད།

གཉིས་ནས་ཏང་ཀྲུང་དབྱང་གི་བླང་བྱ་དང་ཚད་གཞིར་དང་ཡོངས་སུ་མཐུན་པར་བྱས་པ་དང་། གནད་དོན་གྱི་གསལ་ཁྲ་དང་ལས་འགན་གྱི་གསལ་ཁྲ། འགན་འཁྲིའི་གསལ་ཁྲ་བཅས་ཞིབ་བསྡུར་བྱས་ཏེ། བློ་བརྟན་འགྱུར་མེད་ཀྱིས་སྐོར་ཞིབ་ལས་བཏོན་པའི་གནད་དོན་གྱི་ལེགས་བཅོས་ལ་སྐུལ་འདེད་བཏང་བ་སྟེ། ཏང་གི་ལམ་ཕྱོགས་བྱེད་ཕྱོགས་སྲིད་ཇུས་དང་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ལག་ལེན་དངོས་འབེབ་བྱེད་པའི་ཐད་ནས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དང་ཁྱད་པར་དུ་ཞི་ཅིན་ཕིང་གི་མཚོ་སྔོན་བྱ་བའི་སྐོར་གྱི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གྱི་དགོངས་དོན་ལ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱས་པ་དང་། འཕེལ་རྒྱས་འདུ་ཤེས་གསར་པས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྣེ་ཁྲིད་བྱས། དེ་མིན་ཕྱོགས་ཡོངས་ནས་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་བ་དང་བཅོས་སྐྱོང་ནུས་པའི་འཛུགས་སྐྲུན་ལ་སྐུལ་འདེད་བཏང་།

ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་འགན་འཁྲི་གཉིས་ལག་བསྟར་བྱེད་པའི་ཐད་ནས། འགན་འཁྲི་གཙོ་བོ་དངོས་འབེབ་བྱས་པ་དང་། ལྟ་རྟོག་འགན་འཁྲི་ལག་བསྟར་བྱས་ལ། ཁྱབ་ཁོངས་གཙོ་བོའི་སྲིད་གཙང་ཉེན་ཁའི་འགོག་སྲུང་ལ་ཤུགས་བསྣན་པ་དང་། སྤྱོད་ཚུལ་འཛུགས་སྐྲུན་ལ་ཤུགས་བསྣན།

དུས་རབས་གསར་པའི་ཏང་གི་རྩ་འཛུགས་ལམ་ཕྱོགས་ལག་ལེན་དངོས་འབེབ་བྱེད་པའི་ཐད་ནས། མགོ་ཁྲིད་ཚན་ཁག་གི་འཛུགས་སྐྲུན་ལ་ཤུགས་བསྣན་པ་དང་། ལས་བྱེད་པ་དང་འཇོན་མིའི་དཔུང་སྡེའི་འཛུགས་སྐྲུན་ལ་ཤུགས་བསྣན་པར་མ་ཟད། གཞི་རིམ་ཏང་རྩ་འཛུགས་ཀྱི་འཛུགས་སྐྲུན་ལ་ཤུགས་བསྣན།

ཀྲུང་དབྱང་སྐོར་ཞིབ་དང་རྩིས་བཤེར་སོགས་ལས་རྙེད་པའི་གནད་དོན་གྱི་ལེགས་བཅོས་ཐད་ནས། ཞིང་ཆེན་ཡོངས་ཀྱི་རྫོང་དང་ས་ཁུལ་སྐོར་ཞིག་ཏུ་ཆེད་དོན་བཅོས་སྐྱོང་ཚོད་ལྟའི་བྱ་བ་སྤེལ་བ་དང་། ཏང་གི་སྒྲིག་ཡིག་དང་ཏང་གི་སྒྲིག་སྲོལ་གྱི་སློབ་གསོ་དེ་ཏང་ཡོན་གྱི་སློབ་གསོའི་སྦྱོང་བརྡར་གྱི་ནང་དོན་གཙོ་བོར་བྱས་པའི་རྨང་གཞིའི་སྟེང་། ཏང་གི་ལོ་རྒྱུས་ཀྱི་སློབ་སྦྱོང་སློབ་གསོ་སྤེལ་བར་ཟུང་འབྲེལ་བྱས་ཐོག ཏང་ཀྲི་པུའུ་ཧྲུའུ་ཅི་ཡི་གསོ་སྦྱོང་དང་ཏང་ཡོན་གྱི་གཅིག་བསྡུས་གསོ་སྦྱོང་ཁྲོད་ནས། མར་ཁི་སི་རིང་ལུགས་ཀྱི་མེས་རྒྱལ་ལྟ་བ་དང་མི་རིགས་ལྟ་བ། ལོ་རྒྱུས་ལྟ་བ། རི་གནས་ལྟ་བ། ཏང་གི་མི་རིགས་ཆོས་ལུགས་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གཞུང་ལུགས་དང་སྲིད་ཇུས་སོགས་ཀྱི་སློབ་གསོར་ཤུགས་སྣོན་བྱས་པ་དང་། ཐོག་མའི་སེམས་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་འཛིན་པའི་བརྗོད་སྙིང་སློབ་གསོ་སྤེལ་ནས་གནད་དོན་ལེགས་བཅོས་བྱེད་པར་ལྟ་རྟོག་བྱེད་པ་དང་གཙང་སེལ་བྱེད་པའི་བྱ་བ་དངོས་འབེབ་བྱེད་པའི་སྐོར་གྱི་བརྡ་ཐོ་པར་སྐྲུན་འགྲེམ་སྤེལ་བྱས་ཏེ། སྐོར་ཐེངས་གཉིས་ཀྱི་བརྗོད་དོན་སློབ་གསོ་སྤེལ་སའི་ས་ཁུལ་དང་སྡེ་ཁག་གི་ལེགས་བཅོས་དངོས་འབེབ་གནས་ཚུལ་ཁྱབ་བསྒྲགས་བྱས་པར་མ་ཟད། རྗེས་མཐུད་ཀྱི་བྱ་བར་བཀོད་སྒྲིག་བྱས། དེ་མིན་དབུལ་སྐྱོར་མ་དངུལ་གྱི་ལྟ་རྟོག་དོ་དམ་དང་རྩིས་བཤེར་ལས་རྙེད་པའི་གནད་དོན་ལེགས་བཅོས་གང་ལེགས་བྱས་ཤིང་། དབང་གཏོགས་ས་ཁུལ་གྱིས་དོ་དམ་བྱེད་པ་དང་རིམ་པ་དགར་ནས་འགན་ཁུར་བ། སུས་ལྟ་རྟོག་དོ་དམ་བྱེད་ན་སུས་འགན་ཁུར་བའི་རྩ་དོན་གཞིར་བཟུང་ཐོག རྗེས་འདེད་སྐུལ་འདེད་ལ་ཤུགས་བསྣན་ཏེ། འབྲེལ་ཡོད་ས་ཁུལ་དང་སྡེ་ཁག་གི་འགན་འཁྲི་གཙོ་བོ་ཟོལ་མེད་ཀྱིས་དངོས་འབེབས་བྱས།

གསུམ་ནས་མཁྲེགས་གཏོར་དཀའ་སྤྱད་ཀྱི་ཁག་ཁུར་སྙིང་སྟོབས་ཇེ་དྲག་ཏུ་བཏང་བ་དང་། སྐོར་ཞིབ་ལེགས་བཅོས་ཀྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་དུ་བཏང་ནས། ནན་ནན་ཏིག་ཏིག་གིས་སྐོར་ཞིབ་ཀྱི་མཇུག་སྐྱོང་བའི་བྱ་བ་བཟང་པོར་སྒྲུབ་པའི་ཐད་ནས། ཆབ་སྲིད་རེ་བ་ལག་ལེན་བྱེད་པར་དམིགས་ནས་ལེགས་བཅོས་དམ་འཛིན་བྱས་པ་དང་། འཕེལ་རྒྱས་འདུ་ཤེས་གསར་པ་ལག་ལེན་བྱེད་པར་དམིགས་ནས་ལེགས་བཅོས་དམ་འཛིན་བྱས་པར་མ་ཟད། སྤྱིའི་རྒྱལ་ཁབ་བདེ་འཇགས་ལྟ་བར་དམིགས་ནས་ལེགས་བཅོས་དམ་འཛིན་བྱས། དེ་མིན་ས་གནས་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པའི་དེང་རབས་ཅན་ལ་དམིགས་ཏེ་ལེགས་བཅོས་དམ་འཛིན་བྱས་པ་དང་། དུས་རབས་གསར་པའི་ཏང་གི་འཛུགས་སྐྲུན་གྱི་སྤྱིའི་རེ་བར་དམིགས་ནས་ལེགས་བཅོས་དམ་འཛིན་བྱས་ཡོད།

ཞིང་ཆེན་ཏང་ཨུས་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱིས་སྐོར་ཞིབ་ལེགས་བཅོས་དངོས་འབེབས་གནས་ཚུལ་ལ་ལྟ་རྟོག་བྱེད་པར་དགའ་བསུ་བྱེད་བཞིན་ཡོད་ལ། གལ་ཏེ་བསམ་འཆར་དང་གྲོས་གཞི་ཡོད་ན། དུས་ལྟར་ཡར་ཞུ་བྱས་ཆོག་སྟེ། འབྲེལ་གཏུག་ཁ་པར་ཨང་གྲངས། 0971-8483706ཡིན་པ་དང་། སྦྲགས་སྲིད་ཡིག་སྒམ་ནི་ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཀྲུང་དབྱང་སྐོར་ཞིབ་ཚན་ཆུང་གིས་བཏོན་པའི་བསམ་འཆར་ལེགས་བཅོས་བྱེད་པའི་བྱ་བའི་མགོ་ཁྲིད་ཚན་ཆུང་གཞུང་སྒྲུབ་ཁང་། ༼མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་མཁར་དཀྱིལ་ཆུས་བདུན་གཅིག་ལམ་གྱི་སྒོ་རྟགས་ཨང346པ་དང་། སྦྲགས་སྲིད་ཨང་གྲངས810099ཡིན།༽ གློག་རྡུལ་ཡིག་སྒམ་ནིqhxszgbgs@163.comཡིན།

བསོད་ནམས་ཚེ་རིང་གིས་བསྒྱུར།