སྐྱེ་ཁམས་མཚོ་སྔོན་གྱིས་དགུན་ཁའི་ཨོ་རྩལ་འགྲན་ཚོགས་ལ་རོགས་འདེགས་བྱེད་དགོས་ཞེས་པའི་ཀྲུང་གོར་སྡོད་པའི་ཡོ་རོབ་གླིང་དབུས་ཤར་རྒྱལ་ཁབ་ཀྱི་གཞུང་ཚབ་ཆེན་མོ་མཛེས་པའི་མཚོ་སྔོན་དུ་བསྐྱོད་པ་བརྗོད་དོན་གཙོ་བོ་ཡིན་པའི་བརྗེ་རེས་བྱ་འགུལ་སྤེལ།
2021.10.25 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 53

ཟླ་བཅུ་པའི་ཚེས་ཉེར་གཅིག་ཉིན་ནས་ཚེས་ཉེར་བཞི་ཉིན་བར། སྐྱེ་ཁམས་མཚོ་སྔོན་གྱིས་དགུན་ཁའི་ཨོ་རྩལ་འགྲན་ཚོགས་ལ་རོགས་འདེགས་བྱེད་དགོས་ཞེས་པའི་ཀྲུང་གོར་སྡོད་པའི་ཡོ་རོབ་གླིང་དབུས་ཤར་རྒྱལ་ཁབ་ཀྱི་གཞུང་ཚབ་ཆེན་མོ་མཛེས་པའི་མཚོ་སྔོན་དུ་བསྐྱོད་པ་བརྗོད་དོན་གཙོ་བོ་ཡིན་པའི་བརྗེ་རེས་བྱ་འགུལ་སྤེལ། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྒྱུན་ལས་ཧྲིན་ཀྲང་གཞོན་པ་ལིས་ཅེ་ཞང་དང་ཧྲིན་ཀྲང་གཞོན་པ་ཀྲང་ལིས། ཕྱི་འབྲེལ་པུའུ་ཡི་ཀྲུང་གོ་དང་ཡོ་རོབ་གླིང་དབུས་ཤར་རྒྱལ་ཁབ་མཉམ་ལས་ལས་དོན་གྱི་དམིགས་བསལ་འཐུས་མི་ཧའོ་ཡུས་ཀྲིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་སྒྲུབ་ཁང་དང་སྐྱེ་ཁམས་ཁོར་ཡུག་པུའུ་ཡི་འབྲེལ་ཡོད་བློ་མཐུན། ཀྲུང་གོར་སྡོད་པའི་ཡོ་རོབ་གླིང་དབུས་ཤར་རྒྱལ་ཁབ་ཀྱི་གཞུང་ཚབ་ཆེན་མོ་དང་ཚབ་སྒྲུབ་མི་སྣ། ཕྱི་འབྲེལ་དཔོན་པོ་དགུ་ཟི་ལིང་དུ་བྱ་འགུལ་སྤེལ་མགོ་བརྩམས་པའི་མཛད་སྒོར་ཞུགས།

ཀྲང་ལིས་ཀྱིས་བྱ་འགུལ་སྤེལ་མགོ་བརྩམས་པའི་མཛད་སྒོར་མགོ་འཛིན་བྱེད་སྐབས་བཤད་དོན། ད་ལོའི་ཟླ་གཉིས་པའི་ཚེས་དགུ་ཉིན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཡོ་རོབ་གླིང་དབུས་ཤར་རྒྱལ་ཁབ་ཀྱི་མགོ་ཁྲིད་པའི་མཐོ་རིམ་གྲོས་ཚོགས་ལ་མགོ་འཛིན་བྱས་པར་མ་ཟད་གསུང་བཤད་གལ་ཆེན་གནང་སྟེ། མཉམ་ལས་ཀྱི་གྲོས་མགོ་བཏོན་པ་དང་བྱེད་ཐབས་གལ་ཆེན་རབ་དང་རིམ་པ་ཁྱབ་སྒྲོག་བྱས་པ་དང་། དེ་ལས་ཀྲུང་གོ་དང་ཡོ་རོབ་གླིང་དབུས་ཤར་རྒྱལ་ཁབ་ཀྱིས་མཉམ་ལས་བྱེད་པའི་དངོས་གཉེར་རང་བཞིན་དང་མདུན་ལྗོངས་ཆེན་པོ་མཚོན་པར་བྱས་ཡོད། ཀྲུང་གོར་སྡོད་པའི་ཡོ་རོབ་གླིང་དབུས་ཤར་རྒྱལ་ཁབ་ཀྱི་གཞུང་ཚབ་ཆེན་མོ་མཛེས་པའི་མཚོ་སྔོན་དུ་བསྐྱོད་པ་བརྗོད་དོན་གཙོ་བོ་ཡིན་པའི་བརྗེ་རེས་བྱ་འགུལ་སྤེལ་བ་དེས་མཚོ་སྔོན་ཞིང་ཆེན་དང་ཡོ་རོབ་གླིང་དབུས་ཤར་རྒྱལ་ཁབ་ཀྱིས་བརྗེ་རེས་མཉམ་ལས་བྱེད་པ་དང་ལག་རྡང་སྦྲེལ་ཏེ་སའི་གོ་ལའི་ཚེ་སྲོག་ཐུན་མོང་ཚོགས་པ་མཉམ་སྐྲུན་བྱེད་པར་སྐུལ་འདེད་གཏོང་བའི་རེ་འདུན་བཟང་པོ་དང་ལྗང་མདོག་འཕེལ་རྒྱས་དང་ཐཱན་ཉུང་འཚོ་བའི་རྣམ་པས་ཉིས་སྟོང་ཉེར་གཉིས་ལོའི་པེ་ཅིང་དགུན་ཁའི་ཨོ་རྩལ་འགྲན་ཚོགས་ལ་བཅངས་པའི་རེ་སྒུག་བཟང་པོ་བརྒྱུད་སྤྲོད་བྱེད་པ་ཡིན། ཐེངས་འདིའི་བརྗེ་རེས་བྱ་འགུལ་གོ་སྐབས་སུ་བཟུང་སྟེ་མཚོ་སྔོན་གྱིས་ཡོ་རོབ་གླིང་དབུས་ཤར་རྒྱལ་ཁབ་ཀྱི་ས་གནས་བར་ལ་དངོས་གཉེར་མཉམ་ལས་བྱེད་ཐུབ་པ་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་དག་གཙང་ནུས་ཁུངས། མི་གཞུང་བརྗེ་རེས། གངས་དར་ལུས་རྩལ་སོགས་ཁྱབ་ཁོངས་སུ་གཉིས་ཕན་མཉམ་རྒྱལ་མངོན་འགྱུར་བྱེད་པ་དང་ལག་རྡང་སྦྲེལ་ཏེ་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་བྱེད་དགོས་ཟེར།

ཧའོ་ཡུས་ཀྲིན་གྱིས་བྱ་འགུལ་སྤེལ་མགོ་བརྩམས་པའི་མཛད་སྒོའི་སྟེང་ཤིས་ཚིག་ཕུལ། མོས་བཤད་དོན། མཚོ་སྔོན་ནི་ཀྲུང་གོ་དང་ཡོ་རོབ་གླིང་དབུས་ཤར་རྒྱལ་ཁབ་ཀྱི་ས་གནས་ཀྱི་ཧྲིན་ཀྲང་དང་ཀྲིག་ཀྲང་མཉམ་འབྲེལ་ཚོགས་པའི་ཁོངས་གཏོགས་ལས་ཁུངས་ཡིན་པའི་ཆ་ནས། ཧུར་ཐག་སྒོས་ཡོ་རོབ་གླིང་དབུས་ཤར་རྒྱལ་ཁབ་ཀྱི་ས་གནས་བར་གྱི་བརྗེ་རེས་དང་མཉམ་ལས་ཁྲོད་དུ་ཞུགས་ནས། ཕྱོགས་གཉིས་ཀྱི་ཉོ་ཚོང་དང་དངུལ་གཏོང་། མཉམ་འབྲེལ་མཉམ་མཐུད། ཞིང་ལས། ཀྲུང་ལུགས་སྨན་རྫས། རིག་གནས་གནས་སྐོར་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཐད་ལ་ནུས་པ་ཆེན་པོ་འདོན་བཞིན་ཡོད། ཐེངས་འདིའི་བྱ་འགུལ་བརྒྱུད་དེ་མཚོ་སྔོན་དང་ཡོ་རོབ་གླིང་དབུས་ཤར་རྒྱལ་ཁབ་ཀྱིས་སྐྱེ་ཁམས་ཁོར་སྲུང་དང་སྲོལ་རྒྱུན་སྨན་རྫས། གནས་སྐོར་མཉམ་ལས། ཞིང་ཆེན་དང་མངའ་སྡེ། གྲོང་ཁྱེར་བར་གྱི་མཛའ་མཐུན་གྲོང་ཁྱེར་སོགས་ཁྱབ་ཁོངས་སུ་བརྗེ་རེས་དང་མཉམ་ལས་བྱེད་པར་ཤུགས་སྣོན་དགོས། ང་ཚོས་ཡོ་རོབ་གླིང་དབུས་ཤར་རྒྱལ་ཁབ་དང་ལག་རྡང་སྦྲེལ་ཏེ་དུས་རབས་ཀྱི་འཕེལ་རྒྱས་རླབས་རྒྱུན་དང་བསྟུན་ནས། ཀྲུང་གོ་དང་ཡོ་རོབ་གླིང་དབུས་ཤར་རྒྱལ་ཁབ་དང་མཉམ་དུ་ལྗང་མདོག་ཐོན་ལས་དང་སྐྱེ་ཁམས་ཁོར་སྲུང་། ས་གནས་མཉམ་ལས་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་བ་དང་། ཧུར་ཐག་སྒོས་མི་དང་རང་བྱུང་ཁམས་ཀྱི་ཚེ་སྲོག་ཐུན་མོང་ཚོགས་པ་གསར་སྐྲུན་བྱེད་འདོད་ཡོད་ཟེར།

ཀྲུང་གོར་སྡོད་པའི་ཁི་ལོ་ཏེ་ཡའི་གཞུང་ཚབ་ཆེན་མོ་ཏ་ལིས་ཨུག་མུས་ཧེ་ལིན་གྱིས་བྱ་འགུལ་སྤེལ་མགོ་བརྩམས་པའི་མཛད་སྒོའི་སྟེང་གཏམ་བཤད། ཁོས་བཤད་དོན། མཚོ་སྔོན་ནི་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་བྱེད་པའི་དཔེ་མཚོན་ཡིན་པས། མཚོ་སྔོན་གྱི་སྔོན་ཐོན་གྱི་སྐྱེ་ཁམས་འདུ་ཤེས་ལ་རྒྱུས་ལོན་ཟབ་མོ་བྱེད་པ་དང་སློབ་སྦྱོང་བྱས་ཏེ། རྒྱལ་སྤྱིའི་མཛའ་མཐུན་གྲོང་ཁྱེར་གྱི་འབྲེལ་བ་འཛུགས་པར་གྲོས་བསྡུར་བྱེད་པ་དང་། རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་བར་གྱི་མཛའ་བཤེས་ཇེ་ཟབ་ཏུ་འགྲོ་བར་སྐུལ་འདེད་སྔར་ལས་བཟང་པོ་གཏོང་དགོས་ཟེར།

                                                                                                      བཀྲ་ཤིས་འབུམ་གྱིས་བསྒྱུར།