ཟླ་བཅུ་གཅིག་པའི་ཚེས་བཅུ་དགུ་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་བྱ་བའི་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཧན་ཀྲིན་གྱིས་མགོ་འཛིན་མཛད་དེ་ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་བྱ་བའི་མགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་བསྡུས།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་བྱ་བའི་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཧན་ཀྲིན་གྱིས་ཚེས་བཅུ་དགུ་ཉིན་མགོ་འཛིན་མཛད་དེ་ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་བྱ་བའི་མགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་བསྡུས་ནས། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་དང་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་དཔྱིས་ཕྱིན་པ་དང་ལག་ལེན་མཐར་ཕྱིན་བྱས་པ་དང་། སྐོར་ཐེངས་གཉིས་པའི་ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་བཞི་བའི་སྙན་ཞུ་དང་འབྲེལ་ཡོད་ཡིག་ཆར་གྲོས་ཞིབ་བྱས་ལ། སྐོར་ཐེངས་གཉིས་པའི་ལྟ་ཞིབ་ལྔ་པའི་བྱ་བར་ཞིབ་འཇུག་དང་བཀོད་སྒྲིག་བྱས།
ཧན་ཀྲིན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ་དང་། མི་དམངས་མང་ཚོགས་ཀྱིས་ཡར་ཞུ་བྱེད་ཚད་མང་བའི་སྐྱེ་ཁམས་ཁོར་ཡུག་ཐད་ཀྱི་འབུར་ཐོན་གནད་དོན་ཐག་གཅོད་རྒྱུ་དེ་གཙོ་གནད་དུ་འཛིན་པ། འཆར་འགོད་བཟང་པོ་བྱེད་པ་དང་མགོ་ཁུངས་ནས་བཅོས་སྐྱོང་བྱེད་པ་རྒྱུན་འཁྱོངས་བྱེད་པ། སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་རྒྱུན་མཐུད་ངང་ཇེ་ལེགས་སུ་བཏང་སྟེ། སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་དགོས། སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ་རྒྱུན་འཁྱོངས་བྱེད་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་ཆ་ཚང་བ་དང་ཡང་དག་པ། ཁྱོན་ཡོངས་ནས་ལག་བསྟར་བྱས་ནས། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བ་དང་ཁྱོན་ཡོངས་ཀྱི་ལྗང་མདོག་ཚུལ་བསྒྱུར་སྤེལ་དགོས། གནད་དོན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་། དབྱེ་ཞིབ་རྩོད་སྒྲུབ་བྱེད་པར་ཤུགས་སྣོན་པ། ལྟ་ཞིབ་བྱེད་ཡུལ་ལ་རོགས་བྱས་ནས་གནད་དོན་འཚོལ་བ་དང་། ལྟ་ཞིབ་གྲུབ་འབྲས་བཀོལ་སྤྱོད་བྱེད་པར་ཤུགས་བསྣན་ནས། གནད་དོན་ཐག་གཅོད་པར་སྐུལ་འདེད་གཏོང་དགོས། གནད་ལ་འཁེལ་བ་དང་ཚན་རིག་དང་མཐུན་པ། ཁྲིམས་དང་མཐུན་པར་བྱེད་པ་རྒྱུན་འཁྱོངས་བྱེད་པ་དང་། གནས་པའི་གནད་དོན་ལ་ཞིབ་བཤེར་བྱས་ཏེ། ལྟ་ཞིབ་ཀྱི་གྲུབ་འབྲས་ཐད་ནས་ཞིབ་དཔྱད་ཐེག་ཐུབ་པར་ཁག་ཐེག་བྱེད་དགོས།
ཧན་ཀྲིན་གྱིས་ནན་གྱིས་བསྟན་དོན། རྒྱུན་འཁྱོངས་ལྷོད་མེད་སྒོས་ལྟ་ཞིབ་དག་ཐེར་གྱི་བྱ་བ་དམ་འཛིན་བྱས་ནས། གྲུབ་འབྲས་བཟང་པོ་ལེན་པར་ཁག་ཐེག་བྱེད་དགོས། དག་ཐེར་ལེགས་བཅོས་ཐབས་ཆག་ཙམ་བྱེད་པ་དང་དག་ཐེར་ལེགས་བཅོས་ཐད་ནས་རྫུན་བཟོ་བྱེད་པ་རྩད་ཆོད་རྗེས་འགན་འཁྲི་རྩད་གཅོད་ནན་མོ་བྱེད་དགོས། དཔེ་མཚོན་གྱོད་གཞི་མངོན་གསལ་དུ་འགྱུར་བར་བྱེད་པ་དང་། གླེང་ཕྱོགས་ཀྱི་ལྟ་སྐུལ་ནུས་པ་འདོན་སྤེལ་བྱས་ཏེ། གནད་དོན་གཏན་ནས་ཐག་གཅོད་པར་སྐུལ་འདེད་གཏོང་དགོས། ལྟ་ཞིབ་དག་ཐེར་གྱི་འགན་འཁྲི་གཏན་ཁེལ་གསལ་བོ་བྱེད་པ་དང་། བྱ་བའི་ཡུན་ཕན་གྱི་རྐྱེན་སྲོལ་འཐུས་ཚང་དུ་བཏང་ནས། གནད་དོན་རྙེད་པ་དང་གནད་དོན་ཐག་གཅོད་པའི་ལྟ་ཞིབ་དག་ཐེར་དང་དོ་དམ་མ་དཔེ་གྲུབ་པར་བྱེད་དགོས། བྱ་བའི་གཅིག་གྱུར་འཆར་འགོད་ལ་ཤུགས་སྣོན་པ་དང་། རྨང་གཞི་བརྟན་པོ་རྒྱུན་འཁྱོངས་བྱེད་པ། ལས་འགན་གཙོ་བོར་དོ་སྣང་བྱེད་པ། རིམས་ནད་འགོག་སྡོམ་བཟང་པོ་བྱེད་པའི་སྔོན་འགྲོའི་འོག མུ་མཐུད་དུ་སྐོར་ཁག་ལྔ་པའི་ལྟ་ཞིབ་བྱ་བ་བཟང་བོར་བསྒྲུབ་དགོས།
རིན་ཆེན་མཚོས་བསྒྱུར།