ཞི་ཅིན་ཕིང་གིས་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་འཇོན་མིའི་ལས་དོན་གྲོས་ཚོགས་སྟེང་གསུང་བཤད་གལ་ཆེན་གནང་།
2021.11.29 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 271

ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་འཇོན་མིའི་ལས་དོན་ཚོགས་འདུ་ཚེས་ཉེར་དྲུག་ཉིན་ནས་ཚེས་ཉེར་བརྒྱད་ཉིན་བར་པེ་ཅིང་དུ་བསྡུས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚོགས་ཐོག་ནས་གསུང་བཤད་གལ་ཆེན་གནང་ནས་ནན་གྱིས་བསྟན་དོན། དམག་དཔུང་སྟོབས་ལྡན་དུ་གཏོང་བའི་ཐབས་ལམ་དེ་མིའི་སྟེང་ནས་དོན་འཁྱོལ་ཡོང་བར་བྱེད་དགོས། འཇོན་མི་ནི་རང་རེའི་དམག་དཔུང་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བ་དང་། དམག་དོན་གྱི་འགྲན་རྩོད་དང་མ་འོངས་པའི་དམག་འཁྲུག་གི་རང་འགུལ་འཐོབ་པར་བྱེད་པའི་གནད་འགག་གི་རྒྱུ་རྐྱེན་ཡིན་པས། ཏང་གི་དུས་རབས་གསར་པའི་དམག་དཔུང་སྟོབས་ལྡན་དུ་གཏོང་བའི་དམིགས་འབེན་མངོན་འགྱུར་དང་། རང་རེའི་དམག་དཔུང་འཛམ་གླིང་གི་དམག་དཔུང་རྩེ་གྲར་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པར་དངོས་ཡོད་ཀྱི་དོན་སྙིང་གལ་ཆེན་དང་ལོ་རྒྱུས་ཀྱི་དོན་སྙིང་གཏིང་ཟབ་ལྡན།  ཀྲུང་དབྱང་གི་འཇོན་མིའི་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་བྱས་ནས། དུས་རབས་གསར་པའི་འཇོན་མིར་བརྟེན་ནས་དམག་དཔུང་སྟོབས་ལྡན་དུ་གཏོང་བའི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱས་ཏེ། དམག་དཔུང་འཛུགས་སྐྲུན་གྱི་ལོ་བརྒྱའི་འབད་འཐབ་དམིགས་འབེན་མངོན་འགྱུར་ཡོང་ཆེད་འདེགས་སྐྱོར་ནུས་ལྡན་འདོན་སྤྲོད་བྱས་ནས། འཇོན་མིའི་སྤྱིའི་ཆུ་ཚད་འཛམ་གླིང་གི་སྟོབས་ལྡན་རྒྱལ་ཁབ་ཀྱི་དམག་དཔུང་གི་མདུན་གྲལ་དུ་སླེབས་རྒྱུར་འགན་ལེན་བྱེད་དགོས།

ཚེས་ཉེར་དྲུག་ཉིན་གྱི་ཕྱི་དྲོའི་ཆུ་ཚོད་བཞི་ཙམ་ལ། ཞི་ཅིན་ཕིང་ཅིན་ཞི་མགྲོན་ཁང་དུ་ཕེབས་ཏེ། སྤྲོ་སེམས་འཁོལ་བའི་ཐལ་མོ་རྡེབ་སྒྲའི་ཁྲོད་ཚོགས་ཞུགས་འཐུས་མིར་བྱམས་བརྩེའི་ངང་མཇལ་འཕྲད་གནང་བར་མ་ཟད། ཚང་མ་དང་ལྷན་དུ་དྲན་རྟེན་མཉམ་པར་བསྐྱོན།

ཞི་ཅིན་ཕིང་གིས་གསུང་བཤད་གནང་སྐབས་ནན་གྱིས་བསྟན་དོན། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་སྟེང་དུ། རང་རེའི་ཏང་གིས་ལོ་བརྒྱའི་འབད་འཐབ་ཀྱི་གྲུབ་འབྲས་གལ་ཆེན་དང་ལོ་རྒྱུས་ཀྱི་ཉམས་མྱོང་ལ་ཁྱོན་ཡོངས་ནས་སྤྱི་སྡོམ་བྱས། ཏང་གིས་འཇོན་མིར་དོ་དམ་བྱེད་པའི་རྩ་དོན་རྒྱུན་འཁྱོངས་བྱེད་རྒྱུ་དང་། དུས་རབས་གསར་པའི་འཇོན་མིར་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་དུ་གཏོང་བའི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱེད་པ། འཛམ་གླིང་སྟེང་གི་འཇོན་མིའི་ལྟེ་གནས་དང་གསར་གཏོད་ཀྱི་མཐོ་ས་གལ་ཆེན་གང་མགྱོགས་ཀྱིས་བསྐྲུན་པ་བཅས་བྱས་ཏེ། གནམ་འོག་གི་འཇོན་མི་གསོ་སྐྱོང་དང་བཀོལ་སྤྱོད་གང་ལེགས་བྱེད་དགོས། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་དང་ཟུང་འབྲེལ་བྱས་ནས། དུས་རབས་གསར་པའི་འཇོན་མིར་བརྟེན་ནས་དམག་དཔུང་སྟོབས་ལྡན་དུ་གཏོང་བའི་ལས་དོན་ཁག་སྒོ་ཀུན་ནས་ཡག་པོར་སྒྲུབ་དགོས།

ཞི་ཅིན་ཕིང་གིས་བསྟན་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ། ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གིས་འཇོན་མིར་བརྟེན་ནས་དམག་དཔུང་སྟོབས་ལྡན་གཏོང་བའི་འཐབ་ཇུས་ལག་ལེན་དུ་བསྟར་བ་དང་། འཇོན་མིའི་ལས་དོན་གྱི་ཡང་དག་པའི་ཆབ་སྲིད་ཁ་ཕྱོགས་རྒྱུན་འཁྱོངས་བྱས་ལ། དམག་འཁྲུག་གྲ་སྒྲིག་དང་འབྲེལ་བའི་འཇོན་ཐང་ཅན་གསོ་སྐྱོང་ལ་དམིགས་གཏད་པ་དང་། དམག་དོན་མི་སྣའི་དེང་རབས་ཅན་འཛུགས་སྐྲུན་གྱི་བཀོད་སྒྲིག་ལ་ཤུགས་བསྣན་ཞིང་། དམག་དོན་གྱི་མི་ཤུགས་ཐོན་ཁུངས་དང་སྲིད་ཇུས་ཀྱི་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བ་དང་ འཇོན་མིའི་ཁྱབ་ཁོངས་སྒོ་འབྱེད་མཉམ་འདྲེས་ལ་སྐུལ་འདེད་བཏང་བས། རང་རེའི་དམག་དཔུང་གི་འཇོན་མིའི་ལས་དོན་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། འཛམ་གླིང་ལ་ལོ་ངོ་བརྒྱ་ལྷག་གི་རིང་བྱུང་མ་མྱོང་བའི་འཕོ་འགྱུར་ཆེན་པོ་གང་མགྱོགས་ངང་བྱུང་བ་དང་། རབས་གསར་པའི་ཚན་རྩལ་གསར་བརྗེ་དང་དམག་དོན་གསར་བརྗེ་ཡི་རྣམ་པ་གསར་པ་ཉིན་རེ་བཞིན་ཐོན་གྱིན་ཡོད་ལ། རང་རེའི་དམག་དཔུང་གིས་རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་དུ་གཏོང་བའི་གོམ་སྟབས་གསུམ་གྱི་འཐབ་ཇུས་བཀོད་སྒྲིག་གསར་པ་དང་། དམག་དཔུང་བཙུགས་ནས་ལོ་ངོ་བརྒྱ་འཁོར་བའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པའི་ཕྱོགས་སུ་སྐྱོད་བཞིན་ཡོད་པས། དམག་ཡོངས་ཀྱིས་དུས་རབས་གསར་པའི་འཇོན་མིར་བརྟེན་ནས་དམག་དཔུང་སྟོབས་ལྡན་དུ་གཏོང་བའི་འཐབ་ཇུས་ལག་ལེན་གཏིང་ཟབ་བྱེད་པའི་ལས་འགན་སྒྲུབ་སེམས་དང་དགོས་ངེས་བསམ་པ་ཆེ་རུ་བཏང་ནས། ཚན་རིག་དང་མཐུན་པའི་ཇུས་འགོད་དང་འགུལ་སྐྱོད་སྤེལ་རྒྱུ་དམ་འཛིན་བྱས་ཏེ། འཇོན་མིའི་ལས་དོན་ལ་ཁྱོན་ཡོངས་ནས་ཤུགས་བསྣན་ཏེ། འཇོན་མིས་དམག་དཔུང་སྟོབས་ལྡན་དུ་གཏོང་བའི་བྱ་གཞག་ལ་ཁྲིད་སྟོན་དང་འདེགས་སྐྱོར་བྱེད་པའི་ནུས་པ་སྔར་ལས་འདོན་སྤེལ་གང་ལེགས་བྱེད་དགོས།

ཞི་ཅིན་ཕིང་གིས་བསྟན་དོན། དུས་རབས་གསར་པའི་འཇོན་མིར་བརྟེན་ནས་དམག་དཔུང་སྟོབས་ལྡན་དུ་གཏོང་བའི་འཐབ་ཇུས་ལག་བསྟར་བྱེད་རྒྱུ་དང་། དུས་རབས་གསར་པའི་ཏང་གི་དམག་དཔུང་སྟོབས་ལྡན་དུ་གཏོང་བའི་བསམ་བློ་དོན་འཁྱོལ་བྱེད་པ། དུས་རབས་གསར་པའི་དམག་དོན་གྱི་འཐབ་ཇུས་བྱེད་ཕྱོགས་ལག་ལེན་མཐར་ཕྱིན་བྱེད་པ། རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་དུ་འགྱུར་བའི་འཐབ་ཇུས་ཀྱི་བཀོད་སྒྲིག་ལག་བསྟར་བྱེད་པ། དམག་འཛུགས་ཀྱི་ལོ་ངོ་བརྒྱ་ཡི་འབད་འཐབ་དམིགས་འབེན་མངོན་འགྱུར་ཡོང་བར་དམིགས་པ། དམག་དོན་མི་སྣའི་འཇོན་ནུས་བྱང་ཚད་དང་གྲུབ་ཚུལ་བཀོད་སྒྲིག གསར་སྤེལ་དོ་དམ་བཅས་ཕྱོགས་ཡོངས་ནས་ཚུལ་སྒྱུར་རིམ་སྤོར་ཡོང་བར་སྐུལ་འདེད་གཏོང་བ། སྤྱོད་ཡོན་གཉིས་ལྡན་དང་ཆེད་ལས་ཅན་དུ་འགྱུར་བའི་དམག་དོན་འཇོན་མི་གསར་པ་འཛུགས་སྐྲུན་བྱེད་པ། དམག་དོན་མི་སྣ་དེང་རབས་ཅན་དུ་འགྱུར་བའི་ཐད་ཡར་རྒྱས་གལ་ཆེན་ཡོང་བར་འགན་ལེན་བྱེད་པ། གནད་འགག་ཁྱབ་ཁོངས་ཀྱི་འཇོན་མི་འཕེལ་རྒྱས་གཏོང་བར་མཁྲེགས་གཏོར་གལ་ཆེན་བཅས་བྱེད་དགོས། དུས་རབས་གསར་པའི་འཇོན་མིར་བརྟེན་ནས་དམག་དཔུང་སྟོབས་ལྡན་དུ་གཏོང་བའི་འཐབ་ཇུས་ལག་བསྟར་བྱེད་པར་ཅིས་ཀྱང་ཏང་གིས་དམག་དཔུང་ལ་མགོ་ཁྲིད་མཐའ་གཅིག་ཏུ་བྱ་རྒྱུ་དེ་འཇོན་མིའི་ལས་དོན་གྱི་ཕྱོགས་གང་ཅིའི་ཐད་དང་བརྒྱུད་རིམ་ཡོངས་སུ་དོན་འཁྱོལ་མཐར་ཕྱིན་བྱེད་དགོས་ལ། ངེས་པར་དུ་དམག་འཁྲུག་རྒྱག་ཐུབ་པ་དང་རྒྱལ་ཁ་ལེན་ཐུབ་པར་བྱ་རྒྱུ་དེ་འཇོན་མིའི་ལས་ཀའི་ཐོག་མའི་དམིགས་ས་དང་དོན་གྱི་འབབ་སར་བརྩིས་ཏེ། ངེས་པར་དུ་འཛམ་གླིང་དམག་དོན་གྱི་མདུན་ཕྱོགས་དང་རྒྱལ་ཁབ་བདེ་འཇགས་ཀྱི་དགོས་མཁོ་གལ་ཆེན། རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་བཅས་ལ་ཁ་ཕྱོགས་དགོས་ལ། ངེས་པར་དུ་ཁྱོན་ཡོངས་ནས་འཇོན་མི་གསོ་སྐྱོང་དང་བེད་སྤྱོད་ཡག་པོ་བྱེད་དགོས་པ་དང་། ངེས་པར་དུ་དམག་དོན་གྱི་མི་ཤུགས་ཐོན་ཁུངས་དང་སྲིད་ཇུས་ཀྱི་བཅོས་སྒྱུར་གཏིང་ཟབ་ཏུ་གཏོང་དགོས། ངེས་པར་དུ་འཇོན་མིར་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་དུ་གཏོང་བའི་འཐབ་ཇུས་ལག་བསྟར་དོན་འཁྱོལ་བྱེད་དགོས།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། དུས་རབས་གསར་པའི་འཇོན་མིར་བརྟེན་ནས་དམག་དཔུང་སྟོབས་ལྡན་དུ་གཏོང་བའི་འཐབ་ཇུས་ལག་བསྟར་བྱེད་པར། ཁྱོན་ཡོངས་ལ་སྤྱི་འདོམས་དང་གཙོ་གནད་མངོན་གསལ་དོད་པོ་ཡོང་བར་བྱས་ནས། འཇོན་མི་གསོ་སྐྱོང་དང་བཀོལ་སྤྱོད། གདེང་འཇོག ཞབས་ཞུ། རྒྱབ་སྐྱོར། སྐུལ་ལྕག་གཏོང་བ་སོགས་ཀྱི་ལས་དོན་ཁག་ལ་ཁྱོན་ཡོངས་ནས་སྐུལ་འདེད་བཏང་སྟེ། སྤྱི་ཡོངས་ཀྱི་ཆུ་ཚད་མཐོ་རུ་གཏོང་རྒྱུར་གཙོ་གནད་ཐོད་བརྒལ་སྒོས་སྐུལ་ཁྲིད་བྱེད་དགོས། ཏང་དང་རྒྱལ་ཁབ་ཀྱི་འཇོན་མིའི་ལས་དོན་གྱི་ལས་གཞི་ཆེན་པོའི་ནང་རང་རེའི་དམག་དཔུང་གི་འཇོན་མིའི་ལས་དོན་ཇུས་འགོད་དང་སྐུལ་འདེད་གཏོང་བ་དང་། དམག་དོན་དགོས་མཁོའི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱེད་པ། འཆར་འགོད་འབྲེལ་མཐུད་དང་སྲིད་ཇུས་སྦྲེལ་མཐུད། ལས་དོན་སྦྲེལ་མཐུད་བཅས་ཡག་པོ་བྱས་ནས། རང་རེའི་དམག་དཔུང་གི་འཇོན་མིའི་ལས་དོན་ལ་ཕན་འབྲས་ཆེན་པོ་ཐོབ་པར་སྐུལ་འདེད་གཏོང་བའི་རྣམ་པ་བཟང་པོ་ཞིག་ཆགས་པར་བྱེད་དགོས།

ཞི་ཅིན་ཕིང་གིས་བསྟན་དོན། ཆབ་སྲིད་ཀྱི་ཚད་གཞི་ནི་རང་རེའི་དམག་དཔུང་གི་འཇོན་མིའི་ཚད་གཞི་ཨང་དང་པོ་དེ་ཡིན་ལ། ཆབ་སྲིད་ཀྱི་བླང་བྱ་ནི་རང་རེའི་དམག་དཔུང་གི་འཇོན་མིའི་ཆེས་རྩ་བར་གྱུར་པའི་བླང་བྱ་ཡིན། ཆབ་སྲིད་ཀྱི་འགག་སྒོ་དམ་པོར་འཛིན་པ་དང་བསམ་བློ་ཆབ་སྲིད་འཛུགས་སྐྲུན་ལ་ཤུགས་སྣོན་པ། མི་གསོ་སྐྱོང་དང་ཆབ་སྲིད་རྟོག་ཞིབ་ཀྱི་ལས་དོན་ཡག་པོ་སྒྲུབ་པ་བཅས་བྱས་ནས། གསོ་སྐྱོང་དང་བཀོལ་སྤྱོད་བྱས་པའི་འཇོན་མིས་ཆབ་སྲིད་ཐད་ཉམས་སད་ཐེག་ཐུབ་པར་བྱེད་དགོས།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། འཇོན་མི་སྣ་རང་རྐྱ་འཕེར་བའི་གསོ་སྐྱོང་ལམ་བུའི་ཐོག་ཡག་པོ་བསྐྱོད་རྒྱུ་རྒྱུན་འཁྱོངས་དང་། དམག་དཔུང་གིས་གསོ་སྦྱོང་བྱ་རྒྱུ་གཙོ་བོར་འཛིན་པ་དང་བྱེད་ཐབས་སྣ་ཚོགས་ཟུང་འབྲེལ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས། རང་རེའི་དམག་དཔུང་གི་ཁྱད་ཆོས་ལྡན་པའི་འཇོན་མི་གསོ་སྐྱོང་དང་བཀོལ་སྤྱོད་བྱེད་སྟངས་ཤིག་ཆགས་པར་བྱས་ཏེ། དམག་དོན་གྲ་སྒྲིག་དང་དམག་འཁྲུག་གི་འཇོན་ཐང་མི་སྣའི་མཁོ་སྤྲོད་ནུས་པ་དང་ཆུ་ཚད་མཐོ་རུ་གཏོང་དགོས། ཚན་རྩལ་བྱང་ཚད་ལ་ཤུགས་ཆེན་པོ་བསྣན་ནས། དེང་རབས་དམག་འཁྲུག་ལ་རྒྱལ་ཁ་ལེན་པའི་དངོས་ཡོད་འཇོན་ཐང་ཆེ་རུ་གཏོང་དགོས། དུས་རབས་གསར་པའི་དམག་དོན་སློབ་གསོའི་བྱེད་ཕྱོགས་ལག་ལེན་མཐར་ཕྱིན་དང་། སློབ་གླིང་དང་སློབ་གྲྭ་སྔོན་ལ་འཕེལ་རྒྱས་གཏོང་བའི་འཐབ་ཇུས་དོན་འཁྱོལ་བྱེད་པ། དམག་དོན་སློབ་གླིང་རྩེ་གྲས་མྱུར་དུ་འཛུགས་སྐྲུན་བཅས་བྱས་ཏེ། དམག་དོན་འཇོན་མི་རྩེ་གྲས་གསོ་སྐྱོང་བྱེད་དགོས། ལག་ལེན་དངོས་ཀྱི་སྦྱོང་བརྡར་བྱེད་ཤུགས་ཆེ་རུ་བཏང་ནས། དཔོན་དམག་རྣམས་ལ་ཚ་ཚ་འུར་འུར་གྱི་དམག་དོན་ལག་ལེན་དངོས་ཀྱི་ཁྲོད་དུ་སྦྱོང་བརྡར་ནུས་ལྡན་ཐོབ་པར་བྱེད་དགོས།

ཞི་ཅིན་ཕིང་གིས་བསྟན་དོན། ཕྱོགས་ཁག་སོ་སོའི་འཇོན་མི་བཀོལ་ཤེས་གང་ལེགས་བྱེད་རྒྱུ་རྒྱུན་འཁྱོངས་དང་བཀོལ་སྤྱོད་རྩ་བར་འཛིན་རྒྱུ་རྒྱུན་འཁྱོངས་བྱེད་པ། དམག་དོན་གྱི་མི་ཤུགས་ཐོན་ཁུངས་གནད་འཁེལ་དང་ནུས་ཆེའི་སྒོ་ནས་བཀོད་སྒྲིག་བཅས་བྱས་ཏེ། འཇོན་མི་བཀོད་སྒྲིག་ཡག་ཤོས་དང་ཕན་ནུས་ཆེ་ཤོས་ཐོབ་རྒྱུར་འགན་ལེན་བྱེད་དགོས། རིགས་དབྱེ་ནས་སྲིད་ཇུས་ལག་བསྟར་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། མཉམ་འབྲེལ་དམག་འཐབ་བཀོད་འདོམས་འཇོན་མི་དང་དམག་འཐབ་སྟོབས་ཤུགས་ཀྱི་འཇོན་མི་གསར་གྲས། རིམ་པ་མཐོ་བའི་ཚན་རྩལ་གསར་གཏོད་འཇོན་མི། ཆུ་ཚད་མཐོ་བའི་འཐབ་ཇུས་དོ་དམ་འཇོན་མི་བཅས་གསོ་སྐྱོང་དང་བཀོལ་སྤྱོད་བྱ་རྒྱུར་དམ་འཛིན་ཡག་པོ་བྱས་ཏེ། དམག་དོན་མི་སྣ་དང་ཞི་བའི་ལས་འགན་འཁུར་མཁན་གྱི་ནུས་པ་འདོན་སྤེལ་ཡག་པོ་བྱེད་དགོས།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། དམག་དོན་འཇོན་མི་འཚར་ལོངས་ཡོང་བའི་ཆོས་ཉིད་ཁོང་དུ་ཆུད་པར་བྱེད་རྒྱུ་དང་། འཇོན་མི་སྣ་ཚོགས་ཀྱི་འཕེལ་རྒྱས་ཀྱི་ཁྱད་ཆོས་དང་བླང་བྱ་ཁོང་དུ་ཆུད་པར་བྱེད་པ། དོ་དམ་འདུ་ཤེས་དང་བྱེད་སྟངས་དང་བྱ་ཐབས་གསར་གཏོད་བྱེད་པ། ཆེད་ལས་ཅན་དང་ཞིབ་ཚགས་ཅན། ཚན་རིག་ཅན་བཅས་ཀྱི་དོ་དམ་ལ་ཤུགས་སྣོན་པ་བཅས་བྱེད་དགོས། དམག་དོན་གྱི་མི་ཤུགས་ཐོན་ཁུངས་དང་སྲིད་ཇུས་ཀྱི་མ་ལག་ལེགས་བཅོས་ཡོང་བར་སྐུལ་འདེད་གཏོང་བ་དང་། སྲིད་ཇུས་དང་ལམ་ལུགས་ཆ་འགྲིག་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་དགོས། དམག་ཡོངས་ཀྱིས་འཇོན་མིར་ཡིད་ཆེས་དང་འཇོན་མིར་བརྩི་འཇོག འཇོན་མིར་རྒྱབ་སྐྱོར། འཇོན་མིར་གཅེས་སྐྱོང་བཅས་བྱེད་པའི་རྣམ་པ་ཟབ་མོ་བསྐྲུན་ནས། རྒྱ་ཆེ་བའི་འཇོན་མིའི་ལས་སྒྲུབ་ལས་སྐྲུན་གྱི་ཧུར་བརྩོན་རང་བཞིན་དང་རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་ལ་སྐུལ་སྤེལ་གང་ལེགས་བྱེད་དགོས།

ཞི་ཅིན་ཕིང་གིས་བསྟན་དོན། དམག་དོན་ཨུ་ཡོན་ལྷན་ཁང་གིས་འཇོན་མིའི་ལས་དོན་ལ་མགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་དགོས་པ་དང་། རིམ་པ་སོ་སོའི་ཏང་ཨུས་རང་བདག་འགན་འཁྲི་ཡག་པོ་སྒྲུབ་དགོས། མགོ་ཁྲིད་ལས་བྱེད་པ་དང་ལྷག་པར་དུ་མཐོ་རིམ་ལས་བྱེད་པར་འཇོན་མིའི་འདུ་ཤེས་དྲག་པོ་ཡོད་དགོས། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས། ས་གནས་ཀྱི་ཏང་ཨུ་དང་སྲིད་གཞུང་རིམ་པ་ཁག་གིས་དམག་དཔུང་གིས་འཇོན་མིའི་ལས་དོན་ལེགས་པོ་སྒྲུབ་པར་རྒྱབ་སྐྱོར་བྱས་ཏེ། སེམས་ཤུགས་གཅིག་སྒྲིལ་གྱིས་དམག་དཔུང་སྟོབས་ལྡན་དུ་གཏོང་བའི་ལས་དོན་རྒྱུན་ཆད་མེད་པརགོང་དུ་སྤེལ་དགོས།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ་ཞུས་ཆི་ལེང་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ་ཀྲང་ཡུག་ཞ་ཚོགས་འདུར་ཞུགས་ཏེ།  ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་དང་དུས་རབས་གསར་པའི་རང་རེའི་དམག་དཔུང་གི་འཇོན་མིའི་ལས་དོན་ཡག་པོ་བསྒྲུབ་རྒྱུའི་ཐད་བླང་བྱ་ཁ་གསལ་བཏོན།

ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཝེ་ཧྥུན་ཧི་དང་ལིས་ཙུའོ་ཁྲིན། མེའོ་ཧྭ། ཀྲང་ཧྲིན་མེན་བཅས་ཚོགས་འདུར་ཞུགས།  དམག་ཨུའི་ལས་ཁུངས་ཀྱི་སྡེ་ཁག་དང་འཐབ་ཁུལ་ཁག་དང་། དམག་དཔུང་སོ་སོའི་དམག་རིགས་ཁག དམག་དོན་ཚན་རིག་ཁང་། རྒྱལ་སྲུང་སློབ་ཆེན། རྒྱལ་སྲུང་ཚན་རྩལ་སློབ་ཆེན། དྲག་ཆས་ཉེན་རྟོག་དཔུང་སྡེའི་འབྲེལ་ཡོད་མགོ་ཁྲིད་བློ་མཐུན་སོགས་ཚོགས་འདུར་ཞུགས།

བན་དེ་སྐྱབས་ཀྱིས་བསྒྱུར།