མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ཚེ་རིང་ཐར་གྱིས་སྔ་རྗེས་སུ་ཟི་ལིང་གྲོང་ཁྱེར་ཧོང་ཀྲུང་ཆུས་དང་མཁར་བྱང་ཁུལ། མཚོ་ཤར་གྲོང་ཁྱེར་དཔའ་ལུང་ཧོས་རིགས་རང་སྐྱོང་རྫོང་བཅས་སུ་རྟོག་ཞིབ་བྱས།།
2021.11.30 ཁུངས། ཀློག་གྲངས། 36

ཟླ་བཅུ་གཅིག་པའི་ཚེས་བཅུ་དྲུག་དང་ཚེས་ཉེར་གསུམ། ཚེས་ཉེར་དྲུག་བཅས་ཀྱི་ཉིན་ལ། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ཚེ་རིང་ཐར་སྔ་རྗེས་སུ་ཟི་ལིང་གྲོང་ཁྱེར་ཧོང་ཀྲུང་ཆུས་དང་མཁར་བྱང་ཁུལ། མཚོ་ཤར་གྲོང་ཁྱེར་དཔའ་ལུང་ཧོས་རིགས་རང་སྐྱོང་རྫོང་བཅས་སུ་རྟོག་ཞིབ་ལ་སོང་ནས། ཞིང་ཁ་དང་ཁེ་ལས་སྡེ་ཁུལ། ཞིང་ལས་རྟེན་གཞིའི་སྒྲིག་ཆས་བཅས་ལ་གཟིགས་ཞིབ་བྱས་པ་མ་ཟད། སྐབས་བཅུ་དགུ་པའི་ཏང་གི་ཚོགས་ཆེན་ཐེངས་དྲུག་པའི་དགོངས་དོན་དྲིལ་སྒྲོག་དང་། ཚད་གཞི་མཐོ་བའི་ཞིང་ལས་འཛུགས་སྐྲུན། སྔོ་ཚོད་ཐོན་སྐྱེད་འདོན་སྤྲོད་སྒྲིག་ཆས། ཞིང་ལས་ཐོན་རྫས་ཐོན་སྐྱེད་གནས་ཚུལ་བཅས་ལ་རྒྱུས་ལོན་བྱས།

ཚེ་རིང་ཐར་གྱིས་ནན་གྱིས་བསྟན་དོན། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཀྱི་ཕྱིར་གཏོང་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་གནང་པའི་མངག་བཅོལ་དམ་པོ་ཡིན་ལ། ཞིང་ལས་ཚུལ་སྒྱུར་འཕེལ་རྒྱས་ལ་སྐུལ་འདེད་དང་། མི་དམངས་མང་ཚོགས་ཀྱི་སྤུས་ཚད་མཐོ་བའི་འཚོ་བའི་དགོས་མཁོ་ཚིམས་པར་བྱེད་པའི་བྱ་ཐབས་གལ་ཆེན་ཡིན། སྤུས་ཚད་མཐོ་བའི་འཛུགས་སྐྲུན་དང་ཚད་གཞི་མཐོ་བའི་ཞིང་ལས། ས་གནས་རང་གི་གནས་ཚུལ་དང་བསྟུན་ནས་ཆུ་འདྲེན་དང་བགྲོད་ལམ། ནགས་ར་སོགས་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་བྱས་ནས། འཕྲུལ་ཆས་ཅན་དང་སོན་ལེགས་རང་བཞིན་གྱི་ཆུ་ཚད་མཐོར་འདེགས་གཏོང་དགོས། ཁེ་གཉེར་གཙོ་གཟུགས་ཀྱིས་ཆུ་ཚད་མཐོ་བའི་ཞིང་སའི་ཆུ་ཚད་མཐོ་རུ་གཏོང་པ་ལ་བརྟེན་པར་སྐུལ་འདེད་གཏོང་པ་དང་། ས་ཞིང་འཁོར་རྒྱུག་དང་ས་ཞིང་གཞན་བཅོལ་དོ་དམ། ཚབ་རྨོ་ཚབ་འདེབས་སོགས་ཀྱི་ཁེ་གཉེར་རྣམ་པ་སྐུལ་སྤེལ་བྱེད་པར་འཚོལ་ཞིབ་བྱས་ནས། ས་རྒོད་དུ་གྱུར་པའི་གནད་དོན་གཅིག་གྱུར་གྱིས་ཐག་གིས་གཅོད་དགོས། རིགས་དང་དབྱེ་བ་དགར་ནས་སྔོ་ཚོད་དྲོད་ར་ཕྱོགས་བསྡུས་བཅོས་སྐྱོང་སླར་གསོ་བྱེད་དགོས་པ་དང་། རྒྱུན་མཐུད་སྒོས་སྔོ་ཚོད་འདེབས་འཛུགས་གཞི་རྒྱ་ཆེ་རུ་སྐྱེད་དགོས། སྔོ་ཚོད་འདེབས་འཛུགས་སྐྱེ་ལྡན་ལུད་རྫས་ཀྱིས་ཕྱོགས་ཡོངས་སུ་ཁྱབ་པར་སྐུལ་འདེད་གཏོང་དགོས། གྲོང་འདབས་ཀྱི་ཞིང་ལས་འཕེལ་རྒྱས་ཇེ་མགྱོགས་སུ་བཏང་ནས། ཐོན་སྐྱེད་ཚད་ལྡན་ཅན་གྱི་ཆུ་ཚད་མཐོར་འདེགས་སུ་གཏོང་པ་དང་། འཁྱགས་ཉར་ནེམ་འཛིན་གྱི་སྒྲིག་ཆས་བཙུགས་ནས། རང་སའི་སྔོ་ཚོད་འདོན་སྤྲོད་ནུས་པ་མཐོ་རུ་འདེགས་དགོས། རྒྱལ་ཁོངས་ལྗང་སྒྱུར་སོགས་དང་ཟུང་འབྲེལ་བྱས་ནས། གཞི་རྩའི་ས་ཞིང་ཁྲོད་ཀྱི་ཡུར་རྩ་ལེགས་པོར་སེལ་ནས། རྨོ་འདེབས་ལ་རིགས་དབྱེ་བྱས་ནས་འབྲུ་རིགས་ཀྱི་གོ་མི་ཆོད་པའི་རང་བཞིན་མེད་པར་བཟོས་སྟེ། ཞིང་བའི་ཁེ་ཕན་ལ་གནོད་པ་ཐེབས་སུ་འཇུག་མི་རུང་། ཞིང་ལས་ཁེ་ལས་ཀྱི་སྲིད་ཇུས་རྒྱབ་སྐྱོར་ཤུགས་ཚད་ཆེ་རུ་བཏང་ནས། ཁེ་ལས་ཀྱིས་ཞིང་ཆེན་ཕྱི་ནང་གི་ཁྲོམ་ར་གསར་སྐྲུན་བྱས་ཏེ། མཚོ་སྔོན་གྱི་ཚོང་ཟོག་ཕྱི་རུ་བསྐྱོད་པའི་ལམ་བུ་བཏོད་དགོས། བློ་སེམས་ཞིབ་མོས་སང་ལོའི་ཞིང་ལས་ཞིང་སྡེ་དང་གྲོང་གསེབ་དར་སྤེལ་གྱི་ལས་གཞིའི་འཆར་འགོད་ལེགས་པོར་བཟོ་དགོས་པ་དང་། སང་ལོའི་ཞིང་གསུམ་བྱ་བ་ལ་རྨང་གཞི་ཡག་པོ་ཞིག་གཏོང་དགོས།

སྐལ་བཟང་རྣམ་རྒྱལ་གྱིས་བསྒྱུར།