ཞི་ཅིན་ཕིང་གིསC919རྟགས་ཅན་གྱི་འགྲུལ་སྐྱེལ་གནམ་གྲུ་ཆེ་གྲས་ཀྱི་ལས་གཞི་ཚོགས་པའི་འཐུས་མིར་མཇལ་འཕྲད་གནང་།
2022.10.01 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 144

ཟླ་དགུ་པའི་ཚེས་སུམ་ཅུ་ཉིན་གྱི་སྔ་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ། C919རྟགས་ཅན་གྱི་འགྲུལ་སྐྱེལ་གནམ་གྲུ་ཆེ་གྲས་ཀྱི་ལས་གཞི་ཚོགས་པའི་འཐུས་མིར་མཇལ་འཕྲད་གནང་ནས། ལས་གཞིའི་གྲུབ་འབྲས་འགྲེམ་སྟོན་ལ་གཟིགས་ཞིབ་གནང་བ་དང་། C919རྟགས་ཅན་གྱི་འགྲུལ་སྐྱེལ་གནམ་གྲུ་ཆེ་གྲས་ཞིབ་བཟོ་བྱེད་པའི་ལས་འགན་ལ་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོབ་པར་ཁས་ལེན་གང་ལེགས་གནང་། ཁོང་གིས་བསྟན་དོན། ཀྲུང་གོའི་གནམ་གྲུ་ཆེ་གྲས་མཁའ་དབྱིངས་སུ་ལྡིང་སྐོར་རྒྱག་ཏུ་འཇུག་པ་དེས་རྒྱལ་ཁབ་ཀྱི་འདུན་པ་དང་མི་རིགས་ཀྱི་ཕུགས་འདུན། མི་དམངས་ཀྱི་རེ་ལྟོས་བཅས་མཚོན་ཡོད། རྒྱལ་ཡོངས་ཀྱི་སྒྲིག་སྲོལ་གསར་པའི་དགེ་མཚན་འདོན་སྤེལ་གང་ལེགས་བྱས་ནས། བདེ་འཇགས་ཨང་དང་པོ་དང་སྤུས་ཚད་ཨང་དང་པོར་འཇོག་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཐོག་མཐའ་བར་གསུམ་དུ་ལས་འགོ་ལེགས་འཛུགས་དང་ལས་མཇུག་ལེགས་སྡུད། ཡུན་རིང་བྱས་རྗེས་འཇོག་པ། རྒྱུན་འཁྱོངས་ལྷོད་མེད་བཅས་བྱས་ཏེ་གནད་འགག་དང་ལྟེ་བར་གྱུར་བའི་ལག་རྩལ་མཁྲེགས་གཏོར་ཐད་ནས་ཐོད་བརྒལ་སྔར་ལས་ཆེ་བ་ཡོང་བར་བྱེད་རྒྱུ་དང་། གཞི་ཁྱོན་ཅན་དང་མ་ལག་ཅན་གྱི་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བ། བཟོ་སྐྲུན་གྱི་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་གཏོང་བ་བཅས་བྱས་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱ་ཆེད་འབད་འཐབ་ལྷོད་མེད་བྱེད་དགོས་ཞེས་ནན་བཤད་གནང་།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲིན་བྱེད་སྒོར་ཞུགས།

ཞི་ཅིན་ཕིང་གིས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་ཡོང་བར་བྱེད་པའི་སྐྱོད་ལམ་གསར་པའི་སྟེང་དུ། ང་ཚོས་ཕུགས་ཀྱི་འཐབ་ཇུས་ལ་དམ་པོར་དམིགས་པ་དང་། དོན་དངོས་ཀྱི་གནས་ཚུལ་ལ་གཞིགས་ནས་དམིགས་འབེན་གཏན་འཁེལ་བྱེད་པ། ཡང་དག་པའི་ལག་རྩལ་ལམ་ཕྱོགས་གདམ་ག་བྱེད་པ། གཅིག་རྗེས་གཉིས་མཐུད་ངང་སྒྲུབ་པ། བྱ་བ་རེ་རེ་བཞིན་ཡག་པོ་སྒྲུབ་པ་བཅས་བྱེད་དགོས། ཕུགས་བསམ་ཆེན་པོ་ཡོད་དགོས། ང་ཚོ་ཚང་མས་འཛམ་གླིང་ཚན་རྩལ་གྱི་ཡང་རྩེ་སྙེག་ནས་འབད་འཐབ་བྱེད་དགོས་ཞེས་ནན་གྱིས་གསུངས།

ཏིན་ཞུའེ་ཞང་དང་ལིའུ་ཧི། ཝང་ཡུང་། ཧི་ལིས་ཧྥུན་བཅས་གོང་གསལ་བྱེད་སྒོར་ཞུགས།

བན་དེ་སྐྱབས་ཀྱིས་བསྒྱུར།