མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་རྒྱལ་ཁབ་གྲོང་གསེབ་དར་སྤེལ་གྱི་རོགས་སྐྱོར་རྫོང་གཙོ་བོའི་ལས་གཞི་ཕན་ཡོད་སྦྲེལ་མཐུད་བྱེད་པའི་བྱ་བའི་བཀོད་གཏོང་གྲོས་ཚོགས་བསྡུས།
2022.10.01 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 10

ཟླ་དགུ་པའི་ཚེས་ཉེར་དགུ་ཉིན། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་རྒྱལ་ཁབ་གྲོང་གསེབ་དར་སྤེལ་གྱི་རོགས་སྐྱོར་རྫོང་གཙོ་བོའི་ལས་གཞི་ཕན་ཡོད་སྦྲེལ་མཐུད་བྱེད་པའི་བྱ་བའི་བཀོད་གཏོང་གྲོས་ཚོགས་བསྡུས་ནས། ཁུལ་བཞི་དང་རྒྱལ་ཁབ་གྲོང་གསེབ་དར་སྤེལ་གྱི་རོགས་སྐྱོར་རྫོང་བཅོ་ལྔའི་ཕན་ཡོད་སྦྲེལ་མཐུད་དང་ཤར་ནུབ་རྒྱུད་མཉམ་ལས་ལས་གཞི་འཛུགས་སྐྲུན་སོགས་གནས་ཚུལ་ཐད་ཀྱི་སྙན་ཞུ་ལ་ཉན་པ་དང་། གོ་རིམ་རྗེས་མའི་ལས་འགན་གཙོ་བོ་བཀོད་སྒྲིག་བྱས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཧྲིན་ཀྲང་གཞོན་པ་ཚེ་རིང་ཐར་གྱིས་མགོ་འཛིན་བྱས་པར་མ་ཟད་གཏམ་བཤད།

ཚོགས་ཐོག་ནས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། དོ་མི་མཉམ་པ་དང་ཆ་མི་ཚང་བའི་འཕེལ་རྒྱས་ཐད་ཀྱི་གནད་དོན་ཐག་བཅད་དེ། སྟོབས་ཤུགས་ཡོད་རྒུས་ཞན་ཆ་ཁ་གསབ་བྱེད་པ་དང་ཉམས་ཞན་སྟོབས་ལྡན་དུ་བསྒྱུར་བ། དགེ་མཚན་དར་སྤེལ་གཏོང་དགོས། ཕན་ཡོད་སྦྲེལ་མཐུད་བྱེད་རྒྱུ་དེ་དབུལ་ཐར་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་གྲོང་གསེབ་དར་སྤེལ་བྱེད་པའི་བྱེད་ཐབས་གལ་ཆེན་དུ་བརྩིས་ནས། ཁུལ་དང་རྫོང་གི་ཏང་སྲིད་མགོ་ཁྲིད་དང་པོ་སྤྱིའི་བཀོད་འདོམས་པ་བྱེད་དགོས། རིམས་ནད་འགོག་སྡོམ་དང་ལས་གཞི་འཛུགས་སྐྲུན་ལ་གཅིག་འདོམས་བྱེད་པ་དང་། དངོས་ཟོག་སྐྱེལ་འདྲེན་ཐད་ཀྱི་ལྗང་མདོག་བགྲོད་ལམ་བཏོད་པ། ཆེད་བསྐོས་ཚན་ཆུང་གི་འགན་ཁུར་བ་དང་བཀག་སྡོམ་དོ་དམ་ལག་བསྟར་བྱས་ཏེ། འཛུགས་སྐྲུན་བྱེད་ཚད་ཇེ་མགྱོགས་སུ་གཏོང་དགོས། ཐབས་བརྒྱ་ཇུས་སྟོང་གིས་རོང་འབྲོག་དམངས་ཀྱི་ཡོང་སྒོ་ཇེ་མང་དུ་གཏོང་བར་སྐུལ་འདེད་གཏོང་བ་དང་། ས་བོན་གྱི་ཁ་གསབ་དང་རྩྭ་སའི་ཁ་གསབ་བྱ་དགའ་སོགས་དམངས་ཕན་སྲིད་ཇུས་ལག་བསྟར་བྱེད་པ། རྒུད་གསབ་ལས་སྤྲོད་ཀྱི་མི་བཀོལ་གཞི་ཁྱོན་རྒྱ་བསྐྱེད་པ། ཡོང་སྒོའི་ལྟ་ཞིབ་དབྱེ་ཞིབ་ལ་ཤུགས་བསྣན་ནས། མཐོ་བ་གཉིས་ཀྱི་དམིགས་འབེན་མངོན་འགྱུར་བྱེད་དགོས། ཞིང་ཕྱུགས་ལས་ཀྱི་གནོད་ཐེབས་སྒྲིག་ཆས་མྱུར་དུ་ཞིག་གསོ་བྱེད་པ་དང་། གནོད་འགོག་ཕྱུགས་སྐྱོབ་བྱ་བ་བཟང་བོར་སྒྲུབ་པ། དགུན་སྐྱེལ་གཟན་རྩྭ་ཉར་གསོག་བྱེད་པ། ནོར་ལུག་བཤས་ཁོངས་སུ་གཏོང་བ་དང་བཤས་གཏོང་གཞི་ཁྱོན་ཆེར་བསྐྱེད་དེ། ཚད་ཆེས་ཆེ་བའི་སྒོ་ནས་གྱོང་གུན་ཇེ་ཆུང་དུ་གཏོང་བ་དང་ཡོང་སྒོ་ཇེ་མང་དུ་གཏོང་དགོས། སང་ལོའི་ལས་གཞི་ལ་འཆར་འགོད་བཟང་བོ་བྱེད་པ་དང་། ཕན་ཡོད་སྦྲེལ་མཐུད་དང་ཤར་ནུབ་རྒྱུད་མཉམ་ལས་ཀྱི་མ་དངུལ་བཀོལ་སྤྱོད་བཟང་བོ་བྱེད་པ། རོང་འབྲོག་ཁུལ་གྱི་ཆུ་གློག་ལམ་སོགས་རྨང་གཞིའི་སྒྲིག་ཆས་ཐད་ཀྱི་མི་འདང་ས་ཁ་གསབ་བྱེད་པ། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་ས་འཛུགས་སྐྲུན་བྱེད་པར་དམིགས་ནས་ཐོན་ལས་ལས་གཞི་ལེགས་འདེམས་བྱས་ནས། ཞིང་བར་འབྲེལ་འདྲིས་བྱེད་པ་དང་ཞིང་བར་སྣེ་ཁྲིད་བྱེད་པའི་ནུས་པ་འདོན་སྤེལ་བྱེད་དགོས། རྒྱལ་ཁབ་ཀྱི་ཞིབ་དཔྱད་དཔྱད་འཇོག་དང་ཆེད་དོན་རྩིས་བཤེར། ཞིང་ཆེན་ཏང་ཨུའི་སྐོར་ཞིབ་སོགས་ཐད་ནས་རྙེད་པའི་གནད་དོན་དག་ཐེར་ལེགས་བཅོས་བྱེད་དགོས། རྒྱལ་ཁབ་ཀྱི་ཞིབ་དཔྱད་དཔྱད་འཇོག་དང་ཞིབ་བཤེར་བྱ་བར་གྲ་སྒྲིག་བཟང་བོ་བྱེད་དགོས།

རིན་ཆེན་མཚོས་བསྒྱུར།