ས་དེའི་དུས་ཚོད་ཟླ10པའི་ཚེས26ཉིན་གྱི་སྔ་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་པིས་ཧྲི་ཁའེ་ཁི་རུ། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཁོངས་གཏོགས་རྒྱལ་ཁབ་ཀྱི་སྲིད་གཞུང་གི་མགོ་གཙོ་དང་ཙུང་ལིའི་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་འདུ་ཐེངས་ཉེར་གཉིས་པར་ཞུགས། ཧ་སག་སི་ཐན་གྱི་ཙུང་ལི་སི་མའེ་ལའོ་ཧྥུའུ་དང་ཨུ་རུ་སིའི་ཙུང་ལི་མུས་ཧྲུའུ་ཟི་ཅིན། ཐ་ཇིག་སི་ཐན་གྱི་ཙུང་ལི་ལཱ་སུའུ་ཨར་ཙའོ་ཏ། ཝུའུ་ཙི་པེ་ཁི་སི་ཐན་གྱི་ཙུང་ལི་ཨ་ལིས་པོ་ཧྥུའུ། དབྱི་ལང་གི་ཙུང་ཐུང་གཞོན་པ་དང་པོ་མུའུ་ཧི་པེ་ཨར། རྒྱ་གར་དང་ཕ་ཁི་སི་ཐན་གྱི་ཕྱི་འབྲེལ་པུའུ་ཀྲང་། དེ་བཞིན་ལྟ་ཞིབ་རྒྱལ་ཁབ་ཨུ་རུ་སི་དཀར་པོའི་ཙུང་ལི་ཀི་ལའོ་ཧྥུའུ་ཆིན་ཁི། མོང་གོལ་རྒྱལ་ཁབ་ཀྱི་ཙུང་ལི་ཨའོ་ཡུན་ཨུར་ཏན་སོགས་ཚོགས་འདུར་ཞུགས་པ་དང་། ཅིར་ཅི་སི་སི་ཐན་གྱི་ཙུང་ལི་ཀྲ་ཕ་ལའོ་ཧྥུའུ་ཡིས་ཚོགས་འདུ་མགོ་འཛིན་བྱས།
ལིས་ཆང་གིས་གསུང་བཤད་གནང་སྐབས། ད་ལོའི་ཟླ7པར་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་རྩེ་ཚོགས་སྟེང་དུ། “ཧྲང་ཧའེ་ཡི་སྙིང་སྟོབས”དར་སྤེལ་གཏོང་བ་དང་སྔར་ལས་དམ་ཟབ་ཀྱི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་རྒྱུའི་ཐད་ཐུན་མོང་གི་ངོས་འཛིན་གལ་ཆེན་བྱུང་བ་དང་གཙོ་གནད་ལས་འགན་ཁ་གསལ་བཟོས་ཡོད་པར་བརྟེན། ཀྲུང་གོ་ཕྱོགས་ཀྱིས་ཕྱོགས་སོ་སོ་དང་མཉམ་དུ་མགོ་གཙོའི་ཚོགས་འདུའི་དགོངས་དོན་དོན་འཁྱོལ་ཡག་པོ་བྱེད་འདོད་ཡོད། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཐོག་མའི་བསམ་འདུན་ལ་ཕྱིར་དྲན་བྱེད་སྐབས། ང་ཚོ་མཉམ་དུ་བསྐྱོད་ཐུབ་དོན་ནི། ས་ཁུལ་གྱི་ལས་དོན་དེ་ས་ཁུལ་དེའི་རྒྱལ་ཁབ་རང་ཉིད་ཀྱིས་ཐག་གཅོད་བྱེད་རྒྱུ་དང་། ཕན་ཚུན་གྲོས་བསྡུར་བྱེད་ཞོར་བསྒྲུབ་དགོས་པ་ལས། ས་ཁོངས་ཕྱིའི་རྒྱལ་ཁབ་ཀྱིས་ཐེ་གཏོགས་བྱེད་མི་རུང་བའི་རྩ་དོན་རྒྱུན་འཁྱོངས་བྱས་པའི་དབང་གིས་ཡིན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ན་ནིང་སཱ་མ་ཨར་ཧན་རྩེ་ཚོགས་སྟེང་དུ། ཆབ་སྲིད་ཀྱི་ངོས་ནས་ཕན་ཚུན་ཡིད་ཆེས་བྱེད་རྒྱུ་རྒྱུན་འཁྱོངས་དང་གཉིས་ཕན་མཉམ་ལས་རྒྱུན་འཁྱོངས། ཕན་ཚུན་བར་འདྲ་མཉམ་གྱི་ལྟ་སྟངས་འཛིན་རྒྱུ་རྒྱུན་འཁྱོངས། སྒོ་འབྱེད་དཀྱེལ་ཡངས་རྒྱུན་འཁྱོངས། དྲང་གཞག་དྲང་བདེན་རྒྱུན་འཁྱོངས་བཅས་བྱེད་དགོས་ཞེས་ནན་བཤད་གནང་བ་དེ་ནི། ཧྲང་ཧའེ་མཉམ་ལས་རྩ་འཛུགས་འཕེལ་རྒྱས་དང་སྟོབས་ལྡན་དུ་གཏོང་བའི་གནས་ལུགས་ངོ་མ་ཡིན། མ་འོངས་པར་རྒྱང་ལྟ་བྱེད་སྐབས། ང་ཚོས་ཐོག་མའི་བསམ་འདུན་དང་འགན་འཁྲི་བློ་ལ་བརྟན་པོར་ངེས་པར་བྱེད་པ་དང་རྒྱལ་ཁའི་བགྲོད་ལམ་རྒྱུན་འཁྱོངས་བྱས་ནས། མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་རྒྱུའི་འདུ་ཤེས་ཀྱི་སྣེ་སྟོན་འོག་ཏུ། ཁ་ཕྱོགས་གཅིག་ཏུ་བསྐྱོད་རྒྱུ་དང་ཕན་ཚུན་བར་གྲུབ་འབྲས་ཐོབ་པར་བྱས་ནས། ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་སྐུལ་འདེད་ནུས་ལྡན་བཏང་སྟེ། རང་ས་ཁུལ་དང་དེ་བཞིན་འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས་ལ་གཏན་འཁེལ་རང་བཞིན་དང་དྲང་ནུས་སྔར་ལས་གང་མང་སྣོན་དགོས་ཞེས་གསུངས།
ཚོགས་ཞུགས་ཕྱོགས་ཁག་སོ་སོས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱིས“ཧྲང་ཧའེ་ཡི་སྙིང་སྟོབས”དར་སྤེལ་གཏོང་རྒྱུར་རྩེ་གཅིག་ཏུ་གཞོལ་ནས། ལོ་ཉེར་གཉིས་ཀྱི་རིང་རྒྱུན་ཆད་མེད་པར་འཕེལ་རྒྱས་དང་སྟོབས་ཆེར་ཕྱིན་པ་དང་། རྒྱལ་སྤྱིའི་ཤུགས་རྐྱེན་ཐེབས་ཤུགས་ཀྱང་ཉིན་བཞིན་ཇེ་ཆེར་ཕྱིན་ཡོད། མགོ་གཙོའི་ལས་འཛིན་ལྷན་ཚོགས་ཀྱིས་ངོས་འཛིན་གཅིག་མཐུན་དོན་འཁྱོལ་བྱས་ཏེ། “ངན་ཤུགས་གསུམ”དང་རྒྱལ་ཁོངས་ལས་བརྒལ་བའི་རྩ་འཛུགས་ཡོད་པའི་ནག་ཉེས་ལ་མཉམ་དུ་རྡུང་རྡེག་གཏོང་རྒྱུ་དང་། དཔལ་འབྱོར་ཚོང་དོན་དང་འགྲིམ་འགྲུལ། ཞིང་ལས། ནུས་ཁུངས། དངུལ་རྩ། མཐོ་གསར་ལག་རྩལ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ། ལྗང་མདོག་འཕེལ་རྒྱས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་པ། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ལ་སྐུལ་འདེད་གཏོང་བ། རྨང་གཞིའི་སྒྲིག་ཆས་ཕན་ཚུན་སྦྲེལ་མཐུད་སྔར་ལས་འཐུས་ཚང་དུ་གཏོང་བ། ཡུལ་སྐོར་དང་སློབ་གསོ་སོགས་མི་གཞུང་རིག་གནས་བརྗེ་རེས་གཏིང་ཟབ་ཏུ་གཏོང་བ་བཅས་བྱེད་དགོས། ཕྱོགས་སོ་སོས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ལམ་སྲོལ་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་། ཕྱོགས་མང་རིང་ལུགས་ངོ་མ་ལག་བསྟར་བྱེད་པ། མཉམ་དུ་ལག་གདང་སྦྲེལ་ནས་ས་ཁུལ་གྱི་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པ། ས་ཁུལ་དར་རྒྱས་ཡོང་བར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། རྒྱལ་སྤྱིའི་མ་ལག་སྔར་ལས་དཀྱེལ་ཡངས་དང་རྒྱུན་མཐུད་ཀྱི་ཕྱོགས་སུ་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་རྒྱུར་མོས་མཐུན་བྱུང་།
ལིས་ཆང་གིས་ཚོགས་ཞུགས་ཁོངས་གཏོགས་རྒྱལ་ཁབ་ཀྱི་མགོ་ཁྲིད་པ་དང་མཉམ་དུ། མཉམ་འབྲེལ་སྤྱི་བསྒྲགས་སྟེང་དུ་མཚན་བཀོད་པ་དང་། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་དཔལ་འབྱོར་ཚོང་དོན་དང་ལྕགས་ལམ། ལམ་སྲོལ་འཛུགས་སྐྲུན་སོགས་མཉམ་ལས་ཡིག་ཆ་དང་གྲོས་ཆོད་མང་བོར་ཆོག་མཆན་གནང་།
ཝུའུ་ཀྲིན་ལུང་ཚོགས་འདུར་ཞུགས།
བན་དེ་སྐྱབས་ཀྱིས་བསྒྱུར།